བདེ་ཐང་ལ་གནོད་པའི་གོམས་གཤིས་འགའ།
2024.12.25 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 26

འཚོ་བའི་གོམས་གཤིས་ཡག་པོ་ནི་བདེ་ཐང་རྒྱུན་འཁྱོངས་བྱེད་པའི་འགག་རྩ་ཡིན། འོན་ཀྱང་ང་ཚོས་དུས་རྒྱུན་དོ་སྣང་མི་བྱེད་པའི་གོམས་གཤིས་ལ་ལས་ལུས་པོའི་བདེ་ཐང་ལ་གནོད་པ་ཐེབས་བཞིན་ཡོད།  གཤམ་ནས་བདེ་ཐང་ལ་གནོད་པའི་གོམས་གཤིས་འགའ་ངོ་སྤྲོད་ཅིག་བྱེད།

ནོར་འཁྲུལ་དང་པོ། དགུན་དུས་རྐང་པ་ཆུར་སྦོང་སྐབས། ཆུ་ཇི་ཙམ་ཚ་ན་དེ་ཙམ་བཟང་བར་འདོད་པ།དགུན་དུས་ཉལ་ཁར་རྐང་པ་ཆུར་སྦོང་པ་ནི་གོམས་གཤིས་ཡག་པོ་ཞིག་ཡིན། ཡིན་ཡང་། རྐང་པ་ཆུར་སྦོང་སྐབས་མི་ལ་ལས་ཆུ་ཇི་ཙམ་ཚ་ན་ཕན་འབྲས་དེ་ཙམ་ཆེ་བ་དང་། ཆུ་མ་ཚ་ན་རྐང་པ་ཆུར་སྦོང་མ་སྦོང་ཁྱད་མེད་པར་འདོད་བཞིན་ཡོད། ཆུ་ཚ་བོའི་ནང་རྐང་པ་སྦོང་སྐབས། ཁྱེད་ལ་ཆུས་འཚིག་པའི་ཚོར་བ་མ་བྱུང་རུང་། དུས་ཡུན་རིང་པོར་སྦངས་ན་དྲོད་ཚད་དམའ་བའི་འཚིག་རྨས་བྱུང་ནས་རྐང་པར་ཆུ་བུར་ཐོན་པ་ལ་སོགས་པའི་གནས་ཚུལ་འབྱུང་སྲིད།  མི་དར་མས་རྐང་པ་ཆུར་སྦོང་སྐབས་ཆུའི་དྲོད་ཚད་ཡག་ཤོས་ནི38℃~43℃ཡས་མས་ཡིན། བྱིས་པ་དང་རྒན་པ་རྣམས་ཀྱི་རྐང་པ་ཆུར་སྦོང་བའི་དྲོད་ཚད་ལེགས་ཤོས་ནི38℃~40℃ཡས་མས་ཡིན་པ་མ་ཟད། ཁྱིམ་མིས་སྔོན་ལ་ཆུའི་དྲོད་ཚད་རན་མིན་ཚོད་ལྟ་བྱས་ཏེ། འཚིག་རྨས་འབྱུང་རྒྱུ་སྔོན་འགོག་བྱེད་དགོས།

ནོར་འཁྲུལ་གཉིས་པ། ཕག་ཚིལ་སྣུམ་རིགས་གཞན་དང་བསྡུར་ན་འཚོ་བཅུད་ལྡན་ཞིང་བདེ་ཐང་ཡིན་པར་འདོད་པ།  སྣུམ་རིགས་གཞན་དག་དང་བསྡུར་ན་ཕག་ཚིལ་ལ་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་དྲི་ཞིམ་ལྡན་པས། མི་རྣམས་ཀྱི་ཡི་ག་ཕྱེ་ཐུབ་ལ། ཚལ་གྱི་བྲོ་བ་ཇེ་ཞིམ་དུ་གཏོང་ཐུབ། ལྷག་པར་དུ་རྒན་པ་རྣམས་ཀྱིས་ཕག་ཚིལ་བཟས་ན་སྣུམ་རིགས་གཞན་ལས་འཚོ་བཅུད་ལྡན་ཞིང་བདེ་ཐང་ཡིན་པར་འདོད་བཞིན་ཡོད། དོན་དམ་པར་ཕག་ཚིལ་དང་སྐམས་ཚིལ། ལུག་ཚིལ་སོགས་ནི་སྣུམ་ཚིལ་གྱི་ཁོངས་སུ་གཏོགས་པས་སྤྱིའི་ཞག་ཚིལ་འདུས་ཚད་མཐོ་ལ། ད་དུང་སྲོག་ཆགས་ཀྱི་ཚིལ་ཞག་ཁྲོད་ཚད་ལོངས་ཞག་ཚིལ་ཅུང་མང་པོ་འདུས་པས། ཟ་རྒྱུ་མང་དྲགས་ན་ཁྲག་གི་མཁྲིས་ཟུངས་ཕྲུན་དང་མངར་སྣུམ་ཞག་གསུམ་སོགས་མཐོ་རུ་གཏོང་སྲིད་ཅིང་། སྙིང་གི་ཁྲག་རྩའི་ནད་རིགས་འབྱུང་བའི་ཉེན་ཁ་ཆེ་རུ་གཏོང་སྲིད། དེ་བས། བཟའ་བཏུང་ལ་རྩི་ཤིང་གི་སྣུམ་གཙོར་བྱེད་པ་མ་ཟད། རྒྱུན་དུ་གཡོས་སྦྱོར་སྣུམ་གྱི་རིགས་སྣ་བརྗེ་དགོས།

ནོར་འཁྲུལ་གསུམ་པ། ནམ་རྒྱུན་སྐེད་པ་དང་སྒལ་པ་ན་སྐབས། མལ་ཁྲི་སྲ་མོའི་སྟེང་ཉལ་ན་བཟང་བར་འདོད་པ།ད་ལྟ་མི་མང་པོར་སྐེད་པ་ན་བའི་གནད་དོན་ཡོད། མི་ལ་ལས་མལ་ཁྲི་སྲ་མོའི་སྟེང་ཉལ་ན་སྐེད་པར་བཟང་བར་འདོད་ནས་འབོལ་གདན་བླངས་ཏེ། ཐད་ཀར་རས་གདན་ཞིག་བཏིང་ནས་མལ་ཁྲིའི་སྟེང་ཉལ་བཞིན་ཡོད། རྒྱུན་ལྡན་གྱི་མིའི་སྒལ་ཚིགས་ལ་“S”དབྱིབས་ཀྱི་ལུས་ཁམས་འཁྱོག་ཐིག་ལྡན་པས།  གན་རྐྱལ་དུ་མལ་ཁྲི་སྲ་མོའི་སྟེང་ཉལ་ན་མིའི་སྐེད་པའི་བར་མཚམས་སྟོང་བར་གནས་ཤིང་། དེ་ལྟར་དུས་ཡུན་རིང་བོ་འགོར་ན་སྐེད་པའི་ཤ་གནད་ལྷོད་པོ་བྱེད་ཐབས་བྲལ་ནས།  སྒལ་ཚིགས་རེངས་ཤིང་མཁྲེགས་པའི་གནས་ཚུལ་ཐོན་པ་དང་། དེ་ནས་སྒལ་ཚིགས་ཀྱི་འཁྱོག་ཐིག་དྲང་མོར་འགྱུར་བ་སོགས་ཀྱི་གནས་ཚུལ་ཐོན་སྲིད། དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མཁྲེགས་ཚད་འབྲིང་བའི་མལ་གདན་གདམས་ན་བཟང་།

ནོར་འཁྲུལ་བཞི་པ། སོ་འཁྲུད་པའི་དུས་ཡུན་ཇི་ཙམ་རིང་ན་དེ་ཙམ་བཟང་བར་འདོད་པ། སོ་འཁྲུད་པའི་དུས་ཡུན་སྐར་མ5ལས་བརྒལ་ན་སོའི་ཕྱི་ངོས་ཀྱི་སོ་དྲེག་དེ་བས་མང་བ་འདག་མི་ཐུབ་པར་མ་ཟད། དུས་ཡུན་རིང་པོར་སོ་བཀྲུས་ན་སོ་རྩིར་གནོད་སྐྱོན་ཕོག་སྲིད། དེ་བས་གཙང་འཁྲུད་ཀྱི་ཕན་འབྲས་བཟང་པོ་ཐོབ་བསམ་ན་སོ་འཁྲུད་པའི་དུས་ཡུན་སྐར་མ2ནས་3གྱི་བར་ནི་འོས་ཤིང་འཚམ་པ་ཡིན།

ནོར་འཁྲུལ་ལྔ་པ། དུས་བཀག་ལྟར་རྣ་ཅོག་སྔོག་ན་གཙང་ཞིང་བདེ་འཇགས་ཡིན་པར་འདོད་པ།   ཆུང་དུས་ནས་བཟུང་མི་ལ་ལས་སྲིང་ཐུར་དང་རྣ་སྐྱོགས་སོགས་སྤྱད་དེ་རྣ་ཅོག་ནང་གི་རྣ་སྤུ་གཙང་སེལ་བྱ་རྒྱུར་གོམས་ཡོད། བྱེད་སྟངས་དེ་དག་ནི་རྣ་ལམ་གཙང་དག་དང་བདེ་མོ་རྒྱུན་འཁྱོངས་བྱེད་པའི་དགོས་ངེས་ཀྱི་བྱ་ཐབས་སུ་བརྩི་བཞིན་ཡོད། འོན་ཀྱང་དོན་དངོས་ཐོག རྣ་སྤུ་ལ་རྣ་བའི་བར་སྐྱི་སྲུང་སྐྱོབ་ཀྱི་ནུས་པ་ལྡན་ཞིང་། དེས་དངོས་པོ་གཞན་གྱིས་ཐད་ཀར་རྣ་བའི་བར་སྐྱི་ལ་རྨས་སྐྱོན་གཏོང་བར་སྔོན་འགོག་བྱེད་ཐུབ་པ་མ་ཟད། རྣ་སྤུ་ལ་ད་དུང་དུག་འགོག་གི་ནུས་པ་ངེས་ཅན་ལྡན།

མི་རྣམས་ཀྱིས་གློ་ལུ་བ་དང་ལྡད་པ། མིད་པ་སོགས་བྱེད་པ་དང་། དེ་བཞིན་ཉལ་སྟངས་བསྒྱུར་སྐབས། རྣ་སྤུ་ཆུང་ངུ་རྣ་ལམ་དུ་ལྷུང་ཡོང་། གལ་ཏེ་རྣ་སྤུ་ཆེ་ཞིང་མཁྲེགས་པ་དང་། ཐ་ན་རྣ་ལམ་བཀག་ཡོད་ཚེ། སྨན་ཁང་དུ་སོང་ནས་ལེན་དགོས། རང་ཉིད་ཀྱིས་བླངས་ན་རྣ་ལམ་དང་རྣ་བའི་བར་སྐྱི་ལ་རྨས་སྐྱོན་ཕོག་སླ།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།