1.འགོས་ནད་སྔོན་འགོག
ས་ཡོམ་གྱི་རྗེས་སུ་རྒྱུ་མའི་འགོས་ནད་དང་དབུགས་ལམ་འགོས་ནད། ཆམ་པ་དང་གློ་ཡུའི་གཉན་ཚད་སོགས་འབྱུང་སླ་བས། ཆུ་ཁུངས་ལ་སྲུང་སྐྱོབ་དང་ཆུ་འཁྱགས་མི་འཐུང་བ། ལག་ཕྱིས་དང་བཟའ་བཏུང་ཡོ་བྱད་སོགས་མི་གཞན་དང་མཉམ་སྤྱོད་མི་བྱེད་པ། གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་པ་སོགས་བྱེད་དགོས་པར་མ་ཟད། གད་སྙིགས་དང་སྦགས་བཙོག་དངོས་པོ་སོགས་དུས་ལྟར་ཐག་གཅོད་བྱས་ཏེ་ཁོར་ཡུག་ལ་དུག་སེལ་བྱེད་དགོས།
2. རྐང་ལག་ཕྱིད་པ་སྔོན་འགོག
མགོ་དང་ལག་པ། རྐང་བ་སོགས་ཀྱི་དྲོད་ཚད་སྲུང་འཛིན་བྱས་ཏེ་གྲང་འགོག་དྲོད་སྲུང་བཟང་བོ་བྱེད་དགོས་པ་དང་། ལག་འབོབ་དང་རྐང་འབོབ་སོགས་སྐམ་པོ་ཡིན་དགོས། གལ་ཏེ་རྐང་ལག་ཕྱིད་སོང་ན་ཕྱིད་སྨན་བྱུག་པ་སོགས་བྱས་ཏེ་སྨན་བཅོས་བྱ་དགོས།
3.དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པ་སྔོན་འགོག
རས་གུར་ནང་དུ་ཁ་ལག་སྲོ་སྐབས་ངེས་པར་དུ་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་དང་། མེ་ཁ་འཛིན་སྐབས་དབྱང་གཅིག་ཐཱན་རྫས་ཀྱི་དུག་ཕོག་པ་སྔོན་འགོག་བྱེད་དགོས། གལ་ཏེ་སྟབས་མ་ལེགས་པར་དུག་ཕོག་པ་ཡིན་ན། མྱུར་མོར་དུག་ཕོག་མཁན་མཁའ་དབུགས་གསར་བ་ཡོད་སར་གནས་སྤར་ཏེ་རླུང་རྒྱུ་རུ་འཇུག་པ་དང་མགོ་དྲང་མོར་འཇོག་པ་སོགས་བྱས་ཏེ་དབུགས་གཏོང་ལེན་ཐུབ་པ་བྱེད་དགོས།
4. རྨ་ཁ་རྣག་པ་སྔོན་འགོག
རྨ་ཁ་ཐད་ཀར་ས་རྒྱུ་དང་བཙོག་ཆུར་རེག་མི་རུང་བ་དང་། རྨས་མ་རྣམས་དུས་ལྟར་སྨན་ཁང་ལ་བསྐྱལ་ཏེ། རྨ་ཁར་གཙང་སེལ་དང་བཙེམ་དགོས་པར་མ་ཟད། གཉན་ཚད་འགོག་པའི་སྨན་བཅོས་ནུས་ལྡན་བྱེད་དགོས།
5.ཟས་དུག་ཕོག་པ་སྔོན་འགོག
བཟའ་བཏུང་འཕྲོད་བསྟེན་ལ་དོ་སྣང་བྱས་ཏེ། རུལ་བ་དང་ངོ་བོ་འགྱུར་བ། སྒོ་ཕྱུགས་ཤི་བའི་ཤ་སོགས་མི་ཟ་བ་དང་། རྙོག་ཆུས་ཁ་བཤལ་བའམ་སིལ་ཏོག་དང་སྔོ་ཚལ་འཁྲུད་པ་སོགས་བྱེད་མི་རུང་།
6. འབུ་སྲིན་དང་བྱི་བའི་གནོད་འཚེ་སྔོན་འགོག
སྒོ་ཕྱུགས་དང་ཁྱིམ་བྱ་སོགས་འཚོ་སྐྱོང་ལེགས་པོ་བྱེད་པ་དང་། ཤི་སོང་བའི་སྒོ་ཕྱུགས་རྣམས་གཅིག་བསྡུས་སྒོས་ཐག་གཅོད་བྱེད་པ། གནས་སྐབས་ཀྱི་སྡོད་ཁང་དང་རྒུད་སྐྱོབ་རས་གུར་སོགས་ས་བབ་ཅུང་མཐོ་ས་དང་མཁའ་དབུགས་སྐམ་ཞིང་ཉི་འོད་རྒྱག་སར་ཕུབ་པ། མཐའ་འཁོར་དུ་བྱི་བ་འགོག་པའི་རྐ་རྐོ་བ་སོགས་བྱས་ཏེ་འབུ་སྲིན་དང་བྱི་བའི་གནོད་འཚེ་སྔོན་འགོག་བྱེད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།