ལུས་ཀྱི་དབང་པོ་འདི་གསུམ་གཙང་མ་ཡིན་ན་ལུས་པོ་བདེ་ཐང་ཡོང་ངེས།
2025.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 17

མི་ཞིག་གི་ངོས་ནས་བརྗོད་ན། ལོ45ཡི་རྗེས་སུ། ལུས་པོའི་ཟུངས་ནུས་ཇེ་ཞན་དུ་འགྲོ་འགོ་བརྩམས་ཏེ་ནད་རིགས་སྣ་ཚོགས་འགོ་སླ་བ་རེད། འོན་ཀྱང་སྐྱེ་བོ་ཕོ་མོ་སུ་ཡིན་རུང་། གལ་སྲིད་ལོ་ན45སོན་པའི་རྗེས་སུ་ཁྲག་རྩ་དང་གློ་བ། རྒྱུ་མ་བཅས་གཙང་མ་ཡིན་ན། ལུས་པོ་བདེ་ཐང་ཡོང་ངེས།

1. ཁྲག་རྩ་གཙང་མ།

མི་དང་ཁྲག་རྩ་ཡི་ཚེ་ཐག་རིང་ཐུང་གཅིག་མཚུངས་ཡིན། གལ་ཏེ་ཁྲག་རྩ་གཙང་མ་མིན་པར་ཁྲག་རྩར་ཁྲ་ཐིག་དང་ཁྲག་དབལ་སོགས་བྱུང་ན། ཁྲག་རྩ་འགག་ནས་ཁྲག་མཁོ་སྤྲོད་བྱེད་མི་ཐུབ་པར་ཚབས་ཆུང་ན་མགོ་ཡུ་འཁོར་བ་དང་མགོ་ན་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད་ལ། ཚབས་ཆེ་ན་དོས་དྲག་རང་བཞིན་གྱི་ཀླད་རྩ་འགག་པ་དང་། སྙིང་གཟེར་ནད། གཞོགས་ཕྱེད་ཞ་བ། གྲིབ་ནད་སོགས་ཀྱི་ནད་རྟགས་ཚབས་ཆེན་འབྱུང་སྲིད།

ཁྲག་རྩར་གནོད་པའི་གོམས་གཤིས་ངན་པ་བཞི་ཡོད་དེ། མངར་ཆ་དང་ཞག་ཚིལ། ཚྭ་བཅས་མང་བའི་བཟའ་བཏུང་བསྟེན་པ། རང་གིས་ཐ་མག་འཐེན་པའམ་མི་གཞན་གྱིས་འཐེན་པའི་ཐ་མག་གི་དུ་བ་རྔུབ་པ། དུས་ཡུན་རིང་པོར་འགུལ་སྐྱོད་མི་བྱེད་པ། རྟག་པར་མཚན་བསྐྱལ་བ་བཅས་ཡིན་པས་དེ་དག་མྱུར་མོར་སྤོང་དགོས།

2. གློ་བ་གཙང་མ།

གློ་བ་ནི་དབུགས་འབྱིན་རྔུབ་བྱེད་པའི་དབང་པོ་ཡིན་ལ། མིའི་ལུས་ཕུང་གི་ཚེ་སྲོག་སྐྱོང་བའི་དབང་པོའང་ཡིན། ང་ཚོའི་ལུས་པོའི་ནང་གི་གསོ་རླུང་ཚང་མ་གློ་བའི་རླུང་གཟུགས་བརྗེ་ལེན་ལ་བརྟེན་ནས་ཐོབ་པ་ཡིན། གལ་ཏེ་མིའི་ལུས་པོར་གསོ་རླུང་མེད་ན་དབུགས་ཀྱི་རྒྱུ་བ་ཆད་ནས་གསོན་པོར་གནས་ཐབས་མེད། གཞན་ཡང་དབྱང་གཉིས་ཐཱན་འགྱུར་ནི་མིའི་ལུས་ཕུང་གི་བརྗེ་ཚབ་ཐོན་དངོས་ཡིན་ཞིང་། གློ་བ་བརྒྱུད་ནས་ད་གཟོད་ལུས་པོའི་ཕྱི་རོལ་དུ་འབུད་ཀྱིན་ཡོད། གློ་བ་གཙང་མ་དང་བདེ་ཐང་བྱུང་ན། རིམས་འགོག་ནུས་པ་ཆེ་རུ་ཕྱིན་ནས་ལུས་པོ་བདེ་ཐང་ངང་གནས་ཐུབ། གལ་ཏེ་གློ་བ་བདེ་ཐང་མིན་ན། གློ་ལུ་བ་དང་གློ་ཚད། གློ་སྐྲན་སོགས་ཀྱི་ནད་རིགས་འབྱུང་སླ།

དེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད།  གློ་བར་གནོད་པའི་གོམས་གཤིས་ངན་པ་འདི་དག་ལ་མཉམ་འཇོག་བྱེད་དགོས།  ཐ་མག་གི་དུ་བ་དང་ཐལ་རྡུལ། ཟ་མ་གཡོས་སྦྱོར་དུས་ཀྱི་དུ་བ། བརླན་གཤེར་ཆེ་བའི་ཁོར་ཡུག་ནང་གི་འབུ་ཕྲ་བཅས་མི་གཙང་བ་ཁ་ནང་དུ་རྔུབ་པ་སོགས་བྱས་ན་གློ་བའི་བདེ་ཐང་ལ་གནོད་པ་གཏོང་སྲིད། དེ་མིན། དགུན་དུས་གནམ་གཤིས་སྐམ་ཤས་ཆེ་ཞིང་གྲང་ངར་ཆེ་བས། ཆུ་འོས་འཚམ་མ་འཐུང་ན་གློ་བར་འབུ་ཕྲ་འགོ་སླ།

3. རྒྱུ་མ་གཙང་མ།

རྒྱུ་མ་ནི་མིའི་ལུས་ཕུང་གི་འཚོ་བཅུད་འཇུ་ལེན་དབང་པོ་དང་དུག་སེལ་དབང་པོ། རིམས་འགོག་དབང་པོ་གལ་ཆེན་ཞིག་ཡིན། འཚོ་བ་དང་ལས་ཀའི་གནོན་ཤུགས་ཆེ་བ་དང་། བཟའ་འཐུང་ལ་ཆོས་ཉིད་མེད་པ། ལོ་ན་ཇེ་མཐོར་སོང་བ་བཅས་ཀྱིས་རྒྱུ་མའི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་ཏེ། རྒྱུ་མའི་ཕན་བསྐྱེད་ཕྲ་སྲིན་ཚོགས་ཀྱི་གྲངས་འབོར་ཇེ་ཉུང་དུ་འགྲོ་བ་དང་། གནོད་ལྡན་ཕྲ་སྲིན་ཚོགས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ནས།  རྒྱུ་མའི་བདེ་ཐང་ལ་གནོད་པར་མ་ཟད།   ལོང་གའི་འབྲས་སྐྲན་དང་སྙིང་དང་ཀླད་པའི་ཁྲག་རྩའི་ནད་སོགས་ལུས་པོའི་བདེ་ཐང་ལ་གནོད་པའི་གནད་དོན་མང་པོ་གཅིག་རྗེས་གཉིས་མཐུད་དུ་ཐོན་སྲིད།

དུས་རྒྱུན་གྱི་འཚོ་བའི་ཁྲོད།  དུས་ཡུན་རིང་པོར་ཞག་ཚིལ་ཆེ་བའི་བཟའ་བཏུང་ལ་རོལ་བ་དང་ལུས་ཕུང་སྦྱོང་བརྡར་མི་འདང་བ། ཆུ་འཐུང་བ་ཉུང་དྲགས་པ། བདེ་སྲུང་དངོས་རྫས་འདྲ་མིན་སྣ་ཚོགས་གང་བྱུང་དུ་སྤྱོད་པ་སོགས་བྱས་ན། རྒྱུ་མའི་བདེ་ཐང་ལ་གནོད་པས་གོམས་གཤིས་དེ་དག་སྤོང་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།