གཉིད་ཡག་པོ་མ་བྱུང་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་སྲིད།
2025.01.13 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

ནམ་རྒྱུན་འཚོ་བའི་ཁྲོད། མི་མང་པོ་ཞིག་གིས་གཅིན་སྙི་ཟ་ཁུའི་ནད་དང་བཟའ་བཅའི་བར་འབྲེལ་བ་ཆེན་པོ་ཡོད་པར་སྙམ་གྱིན་འདུག ཁྱེད་ཀྱིས་ཤེས་སམ། ད་དུང་གཅིན་སྙི་ཟ་ཁུའི་ནད་དང་གཉིད་པའི་བར་ལའང་འབྲེལ་བ་ཆེན་པོ་ལྡན་པ་རེད།

འཕྱི་ཉལ་འཕྱི་ལངས་བྱས་ན་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ་ཆེ། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། འཕྱི་ཉལ་འཕྱི་ལངས་བྱེད་མཁན་གྱི་མིའི་ལུས་པོའི་ལྗིད་ཚད་ཇེ་མཐོར་འགྲོ་བ་དང་གྲོད་ཁོག་ཅུང་ཆེ་བར་འགྱུར་བ་སོགས་ཀྱི་ཉེན་ཁ་ཆེ་རུ་ཕྱིན་ཡོད། དགོང་མོ་སྔ་མོར་ཉལ་མཁན་དང་བསྡུར་ན། འཕྱི་ཉལ་བྱེད་མཁན་ལ་གཅིན་སྙི་ཟ་ཁུའི་ནད་འབྱུང་བའི་ཉེན་ཁ50%ཡིས་མཐོ་བ་རེད།

དུས་ཡུན་རིང་པོར་དགོང་མོ་འཕྱི་ཉལ་བྱེད་པའམ་ཡང་ན་གཉིད་ཆོས་ཉིད་དང་མཐུན་པོ་ཞིག་མ་ཁུག་ན་མིའི་ལུས་པོར་ཤུགས་རྐྱེན་ཐེབས་ནས་ཟགས་ཐོན་སྙོམས་སྒྲིག་བྱེད་མི་ཐུབ་པར་ཁྲག་མངར་འཕར་བ་དང་ཁྲག་ཤེད་ཚོད་འཛིན་མི་ཐུབ་པའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

མི་འགའ་ཤས་ཀྱི་བསམ་པར་གལ་ཏེ་ཉིན་རེར་དུས་ཚོད་བརྒྱད་རིང་གཉིད་པ་ཡིན་ན། འཕྱི་ཉལ་འཕྱི་ལངས་སམ་ཡང་ན་སྔ་ཉལ་སྔ་ལངས་གང་བྱས་ཀྱང་ལུས་པོར་གནོད་པ་དེ་ཙམ་མེད་པར་འདོད་ཀྱིན་ཡོད། དོན་དངོས་སུ་དུས་ཡུན་རིང་པོར་འཕྱི་ཉལ་འཕྱི་ལངས་ཀྱི་གོམས་གཤིས་ངན་པ་ཆགས་ན་ལུས་པོར་ནད་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད། ཆེད་མཁས་པས་ནམ་རྒྱུན་འཚོ་བའི་ནང་འཕྱི་ཉལ་འཕྱི་ལངས་མ་བྱས་ན་བཟང་བ་དང་། དགོང་མོ་ཉལ་བའི་དུས་ཚོད་འཕྱི་དྲགས་ན་ལུས་པོའི་ཚོར་འགྲིམ་དབང་རྩ་འཕར་ཏེ་ལུས་ལ་ཚོ་འབུད་པ་དང་ཁྲག་ཤེད་མཐོ་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་པའི་དྲན་སྐུལ་གནང་འདུག

དེ་བས། མི་སུ་དང་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་བདེ་ཐང་གི་ཆེད་དུ།    དུས་རྒྱུན་གྱི་འཚོ་བའི་ཁྲོད། གཅིག་ནས་ཟས་སྤྱོད་ཆོས་ཉིད་དང་མཐུན་དགོས། གལ་ཏེ་ལས་ཀའི་དབང་གིས་འཕྱི་ཉལ་མི་བྱེད་ཀ་མེད་བྱུང་ན། ཆོས་ཉིད་དང་མཐུན་པའི་གཉིད་དང་ཟས་སྤྱོད་དུས་ཚོད་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་འཚོ་བའི་གོམས་གཤིས་ངན་པ་སྤོང་དགོས། འཚོ་བའི་གོམས་གཤིས་ངན་པ་དག་ཡོ་བསྲང་གང་ཐུབ་བྱས་ཏེ། བཟའ་བཏུང་ཚད་མེད་མི་བསྟེན་པ་དང་། ཉལ་ཁར་ཟས་མི་བཟའ་བར་དུས་བཅད་ལྟར་འགུལ་སྐྱོད་བྱེད་པའི་གོམས་གཤིས་ཆགས་དགོས།  གསུམ་ནས་ལུས་པོའི་ལྗིད་ཚད་ལ་དོ་དམ་ཡག་པོ་བྱེད་དགོས།  དུས་རྟག་ཏུ་ལུས་པོའི་ལྗིད་ཚད་ལ་དོ་དམ་ཡག་པོ་བྱས་ན། གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་ཕོག་པའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།