བྱིས་པ་བཙས་པའི་རྗེས་སུ། མི་མང་པོ་ཞིག་གིས་རང་གི་ལུས་པོའི་ལྗིད་ཚད་སླར་གསོ་བྱེད་ཐུབ་མིན་ལ་སེམས་ཁུར་བྱེད་བཞིན་ཡོད། གལ་ཏེ་མངལ་སྦྲུམ་པའི་སྐབས་སུ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱས་པ་ཅུང་བཟང་ན། ལུས་པོའི་ཚོ་བྱང་དགོས་ཀྱང་དཀའ་ཁག་ཆེན་པོ་མེད། རྒྱུན་པར་ཟླ་འགའི་ནང་སླར་གསོ་བྱེད་ཐུབ་པ་ཡིན། འོན་ཀྱང་གལ་ཏེ་མངལ་མ་སྦྲུམ་པའི་སྔོན་དང་མངལ་སྦྲུམ་རྗེས་ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་ཡོད་ན། ལུས་པོའི་ལྗིད་ཚད་རྒྱུན་ལྡན་དུ་སླར་གསོ་བྱེད་པར་ཕལ་ཆེར་ལོ་གཅིག་གམ་ཡང་ན་ལོ་གཅིག་གི་ཡན་དགོས་པ་ཡིན། གལ་ཏེ་མངལ་སྦྲུམ་པའི་དུས་སུ་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱས་པ་མི་བཟང་ཞིང་། བྱིས་པ་སྐྱེས་རྗེས་ཀྱང་ལྗིད་ཚད་ཚོད་འཛིན་བྱེད་མ་ཐུབ་ན། རྗེས་ཕྱོགས་ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་པའི་ཐད་དཀའ་ཁག་ཅུང་ཆེན་པོ་ཡོད་པ་ཡིན།
བྱིས་པ་བཙས་པའི་རྗེས་ཀྱི་ཚོ་བྱང་ཐབས།
བཙས་གཞུག་གི་ཉིན་ཞེ་གཉིས་ནང་བརྟག་དཔྱད་བྱེད་སྐབས་མངལ་སྦྲུམ་པའི་སྐབས་སུ་འཕར་བའི་ལུས་པོའི་ལྗིད་ཚད་ཀྱི་ཕྱེད་ཀ་འཐེན་རྗེས། ལྷག་མའི་ཕྱེད་ཀ་དེ་བཙས་གཞུག་གི་ཟླ་དྲུག་ནས་ཟླ་བཅུ་གཉིས་ཀྱི་ནང་བྱང་དུ་འཇུག་ཐུབ་པ་ཡིན། མགྱོགས་མོར་ཚོ་བྱང་དུ་བཅུག་ན་མི་བཟང་སྟེ། རྒྱུ་མཚན་ནི་མགྱོགས་མོར་ཚོ་བྱང་དུ་བཅུག་ན་བཟའ་བཏུང་ལ་ཚོད་འཛིན་ནན་མོ་བྱེད་དགོས་པ་དང་སྦྱོང་བརྡར་བྱེད་ཚད་ཀྱང་ཅུང་ཆེ་དགོས་པས། བཙུག་གཞུག་གི་ལུས་ཁམས་སླར་གསོར་མི་ཕན་པ་ཡིན། སྤྱིར་བཏང་དུ་བྱིས་པ་བཙས་ནས་ཟླ་གཉིས་འགོར་རྗེས་ཚོ་བྱང་དུ་འཇུག་ཆོག་ལ། གཟའ་འཁོར་རེའི་ཚོ་བྱང་བའི་དམིགས་འབེན་རྒྱ་མ་གཅིག་ལས་བརྒལ་མི་རུང་།
ཟ་མ་ཉུང་བཟའ་བྱེད་མི་རུང་། བང་མ་མང་ཆེ་བར་མཚོན་ན་རྒྱུན་ལྡན་དང་བདེ་ཐང་། དོ་མཉམ་གྱི་བཟའ་བཏུང་གིས་མངལ་སྦྲུམ་པའི་སྐབས་སུ་འཕར་བའི་ལྗིད་ཚད་རིམ་བཞིན་ཇེ་ཡང་དུ་གཏོང་ཐུབ་པ་ཡིན། བཙས་གཞུག་གི་བཟའ་བཏུང་བསྟེན་པའི་རྩ་དོན་ནི་ཟ་མ་ཉུང་བཟའ་བྱེད་མི་དགོས་པར་རྒྱུན་ལྡན་ལྟར་ཟས་ཆོག་པ་ཡིན། ཡིན་ཡང་ཟ་ཚད་ཚད་ལས་བརྒལ་མི་རུང་། རྒྱུན་ལྡན་ལྟར་ཉིན་གཅིག་ལ་ཟས་ཐུན་གསུམ་ཟ་དགོས་ལ། གལ་ཏེ་ལྟོགས་ན་ཀུ་ཤུ་དང་ལ་སེར། ཞོ་སོགས་བསྟེན་ཆོག་པ་ཡིན།
འཚོ་བཅུད་དོ་མཉམ་ཡོང་དགོས། མངལ་སྦྲུམ་པའི་དུས་སྐབས་དང་འདྲ་བར། ནུ་མ་སྣུན་བཞིན་པའི་བང་མའི་བཟའ་བཏུང་ཐད་སྔར་བཞིན་ལུགས་མཐུན་དང་དོ་མཉམ། སྣ་མང་ཅན་གྱི་རྩ་དོན་བརྩི་བསྲུང་བྱེད་དགོས། ཟ་མ་སྡེབ་སྦྱོར་བྱེད་པའི་སྐབས་སུ་འཚོ་བཅུད་འདང་ངེས་ཡོང་དགོས། ཡིན་ཡང་ཚིལ་སོགས་ཀྱི་འདུས་ཚད་མཐོ་མི་རུང་། དེ་མིན་རང་ཉིད་ཀྱི་བཟའ་བཏུང་སྡེབ་སྦྱོར་ཁོ་ནར་བརྟེན་ན་འཚོ་རྒྱུ་སྣ་མང་དང་གཏེར་རྫས་སོགས་དོ་མཉམ་ཡོང་དཀའ་བས། མུ་མཐུད་དུ་འཚོ་རྒྱུ་སྣ་མང་འཐུང་ཆོག དེར་མ་ཟད། རང་གི་ལུས་ཕུང་སླར་གསོ་དང་བྱིས་པའི་སྐྱེ་འཚར་ལ་ད་རུང་སྤྲི་དཀར་རྫས་མཁོ་བས་ཤ་སྣག་དང་སྒོ་ང་། རྩི་ཤིང་གི་སྤྲི་དཀར་འདུས་པའི་སྲན་རིགས་སོགས་བསྟེན་དགོས། ནུ་མ་སྣུན་སྐབས་ཨ་མའི་ལུས་སྟེང་གི་ཀལ་རྫས་ཤོར་སྲིད་པས། འོ་མ་དང་ཞོ་སོགས་བསྟེན་ན་བཟང་།
ཆུ་མང་པོ་འཐུང་དགོས། ཡིན་ཡང་ཀ་ར་འདུས་པའི་བཏུང་བྱ་འཐུང་མི་རུང་། ཆུ་འཐུང་ཚད་འདང་ཡོད་མེད་དེ་གཤམ་གྱི་ཕྱོགས་གཉིས་ནས་བརྡར་ཤ་བཅད་ཆོག གཅིག གཅིན་པའི་ཁ་དོག་ལ་བལྟས་ནས་བརྡར་ཤ་གཅོད་དགོས། གཉིས་ནས་གཅིན་གཏོང་བའི་ཐེངས་གྲངས་ལ་བལྟས་ནས་བརྡར་ཤ་གཅོད་དགོས། གལ་ཏེ་ཆུ་འཐུང་ཚད་འདང་ངེས་ཡིན་ན་སྤྱིར་བཏང་ཆུ་ཚོད་གསུམ་ནས་བཞིའི་བར་ཐེངས་གཅིག་གཏོང་དགོས།
འོས་འཚམ་གྱིས་སྦྱོར་བརྡར་བྱེད་དགོས། སྦྱོང་བརྡར་བྱས་ན་ཚོ་བྱང་ཐུབ་པར་མ་ཟད། རུས་སྒྲོམ་དང་ཤ་གནད་སྔར་ལས་སྟོབས་ལྡན་དུ་གཏོང་ཐུབ། བྱིས་པ་བདེ་བླག་ཏུ་བཙས་པའི་བང་མར་མཚོན་ན། བྱིས་པ་བཙས་ནས་ཟླ་གཉིས་འགོར་རྗེས་སྦྱོང་བརྡར་བྱས་ཆོག སྦྱོང་བརྡར་འགོ་རྩོམ་དུས་མངལ་མ་སྦྲུམ་སྔོན་གྱི་བརྒྱ་ཆའི་དྲུག་ཅུ་ནས་བརྒྱ་ཆའི་བདུན་ཅུའི་བར་གྱི་སྦྱོང་བརྡར་གྱི་དྲག་ཚད་དང་སྦྱོང་བརྡར་བྱེད་ཚད་ལྟར་སྦྱོང་བརྡར་བྱེད་དགོས་པ་དང་། དེ་ནས་རིམ་བཞིན་སྦྱོང་བརྡར་བྱེད་ཚད་ཇེ་མང་དུ་བཏང་ཆོག སྤྱིར་བཏང་བྱིས་པ་བཙས་པའི་རྗེས་ཀྱི་ཟླ་གསུམ་ནས་ཟླ་བཞི་འགོར་རྗེས་མངལ་མ་སྦྲུམ་སྔོན་གྱི་སྦྱོང་བརྡར་གྱི་དྲག་ཚད་དང་སྦྱོང་བརྡར་བྱེད་ཚད་སླར་གསོ་བྱས་ཆོག གལ་ཏེ་བཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་བཏོན་པའི་བང་མར་མཚོན་ན། བཤགས་བཅོས་བྱས་ནས་ཟླ་གཉིས་འགོར་བའི་རྗེས་སུ། སྔོན་ལ་འཆམ་འཆམ་ལ་འགྲོ་བ་དང་། ཟླ་གསུམ་འགོར་བའི་རྗེས་སུ་རིམ་བཞིན་སྦྱོང་བརྡར་སླར་གསོ་བྱས་ཆོག ཆེས་སྟབས་བདེ་དང་ནུས་ཡོད་ཀྱི་བྱེད་ཐབས་ནི་མགྱོགས་མོར་འགྲོ་བ་དེ་ཡིན་ཞིང་། དེ་ནས་རིམ་བཞིན་དལ་མོར་རྒྱུག་པ་སོགས་ཀྱི་བྱེད་ཐབས་སྤྱད་ཆོག
གཉིད་འདང་ངེས་ཤིག་ལོག་དགོས། གལ་ཏེ་གཉིད་ལོག་པ་མི་བཟང་ཞིང་གནོན་ཤུགས་ཆེ་ན་པགས་རྫས་སྐུལ་རྩི་དང་གནོན་ཤུགས་དང་འབྲེལ་བ་ཡོད་པའི་སྐུལ་རྩི་གཞན་པ་མང་པོ་ཕྱིར་འདོན་སྲིད་པས། ལུས་པོའི་ལྗིད་ཚད་ཇེ་མཐོར་གཏོང་སྲིད། དེ་བས། ཉིན་རེར་ཉུང་མཐར་ཡང་ཆུ་ཚོད་བདུན་ནས་ཆུ་ཚོད་བརྒྱད་ལ་གཉིད་དགོས།
གལ་ཏེ་གོང་གི་བྱེད་ཐབས་དེ་དག་ནན་ཏན་གྱིས་ཚོད་ལྟ་བྱས་ཀྱང་སྔར་བཞིན་ཕན་འབྲས་མེད་ན། ཆེད་ལས་སྨན་པའི་རོགས་སྐྱོར་ལ་བསྟེན་དགོས་པ་དང་། ལྷག་པར་དུ་འཚོ་བཅུད་སྨན་པའི་མཛུབ་སྟོན་དང་རོགས་སྐྱོར་ལ་བསྟེན་དགོས།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།