དགུན་གནང་སྐབས་སུ་བྱིས་པར་ཚོ་འབུད་པ་སྔོན་འགོག་བྱེད་ཐབས།
2025.01.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 23

ཁ་དཔེ་ལ།   དུས་ཆེན་གྱི་སྐབས་སུ་ལུས་ལ་རྒྱ་མ་གསུམ་གྱི་ཚོ་འབུད་ངེས་ཟེར་བ་ལྟར། དགུན་གནང་སྐབས་སུ།   སློབ་མ་མི་ཉུང་བ་ཞིག་གིས་ཀྱང་རང་གི་ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བཟང་བོ་བྱེད་མི་ཐུབ་པར་ཚོ་འབུད་ངེས་པར་མ་ཟད།  བྱིས་པ་ལ་ལ་ཞིག་ལ་ཐ་ན་རྒྱ་མ་བཅུའི་ཡན་འབུད་སྲིད།

དེས་ན་གནང་བའི་སྐབས་སུ། བྱིས་པར་ཚོ་འབུད་པ་ཇི་ལྟར་སྔོན་འགོག་བྱེད་དགོས་ཟེར་ན།

གཅིག    ཉིན་རྒྱུན་གྱི་བཟའ་བཏུང་ཐད་ཚིལ་ཉུང་བ་དང་མངར་ཆ་དམའ་བ།   སྤྲི་དཀར་རྫས་ཀྱི་རིགས་མཐོ་བའི་ཟས་རིགས་བསྟེན་དགོས།    བཟའ་བཏུང་སྣ་མང་ཅན་གྱི་སྔོན་འགྲོའི་འོག་ཏུ།     ཉིན་རེའི་བཟའ་བཏུང་གི་རིགས་ལུགས་མཐུན་བཀོད་སྒྲིག་བྱས་ཏེ།  ཉ་ཡི་རིགས་དང་སྒོང་ངའི་རིགས།  ཤ་སྣག  འོ་མའི་རིགས་སོགས་སྤྲི་དཀར་རྫས་འདུས་པའི་ཟས་རིགས་དང་།  དེ་མིན་སྔོ་ཚལ་དང་སིལ་ཏོག་སོགས་འཚོ་བྱེད་རྒྱུ་འདུས་པའི་ཟས་རིགས་བསྟེན་དགོས།   སྣུམ་བཙོས་ཟས་རིགས་དང་ཤ་ཚོན་པོ།  ཀ་ར་སོགས་ཅི་ནུས་ཀྱིས་མ་བསྟེན་ན་བཟང་།   ཉིན་རེར་འོ་མ་ཕོར་བ་གཅིག་ནས་གཉིས་འཐུང་དགོས་པ་དང་།  བྱ་སྒོང་གཅིག་དང་ཤ་ཁེ་བརྒྱ།   སྔོ་ཚལ་ཁེ་ལྔ་བརྒྱ།  སྲན་བཅོས་ཐོན་རྫས་ཁེ་བརྒྱ་བཅས་ཟོས་ན་བཟང་།   དེ་མིན།   ཟ་མ་གཡོས་སྦྱོར་བྱེད་པའི་སྐབས་སུའང་རླངས་བཙོས་ཀྱི་བྱེད་ཐབས་སོགས་གཙོ་བོར་བྱེད་དགོས་པ་དང་སྣུམ་བཀོལ་ཚད་ཇེ་ཉུང་དུ་གཏོང་དགོས།  ཕ་མ་གཉིས་ཀྱིས་བྱིས་པར་ཟ་མར་ཁ་འདེམ་བྱེད་མི་རུང་བ་དང་ཟ་མ་ཟ་བའི་སྐབས་སུའང་ལྡད་ནས་དལ་མོར་མིད་དགོས་པའི་ཁྲིད་སྟོན་བྱེད་དགོས།  དེར་མ་ཟད།  ཟས་ཐུན་རེའི་ཟ་མ་ཟ་བའི་དུས་ཚོད་སྐར་མ་སུམ་ཅུ་ལས་ཉུང་མི་རུང་།  དེ་ལྟར་བྱས་ན་རྒྱགས་དྲག་པ་ཟ་བ་སྔོན་འགོག་བྱེད་ཐུབ།   ད་རུང་སྐོམ་པའི་དུས་སུ་ཆུ་ཁོལ་འཐུང་དགོས་པ་ལས།   ཀ་ར་འདུས་པའི་བཏུང་ཆུ་སོགས་མ་འཐུང་ན་བཟང་།    ཉིན་གཅིག་གི་ཟས་ཐུན་གསུམ་གྱི་ཟ་ཚད་དང་སྡེབ་སྦྱོར་ལུགས་མཐུན་ཡིན་དགོས།  ཞོགས་ཟས་དང་གུང་ཟས་ཡག་པོར་ཟ་དགོས་པ་དང་དགུང་ཟས་ཉུང་ཙམ་ཟ་དགོས།

གཉིས།   ལོ་ཚོད་མི་འདྲ་བ་དང་ལུས་ཕུང་གི་སྐྱེ་འཚར་གནས་ཚུལ་ལ་གཞིགས་ནས་བྱིས་པ་རྣམས་སྤྲོ་བ་ཡོད་པ་དང་ལུགས་མཐུན་གྱི་ལུས་སྦྱོང་རྣམ་གྲངས་འདེམ་དགོས།    ཚོན་པོ་ཡིན་པའི་བྱིས་པར་མགྱོགས་མོར་འགྲོ་བ་དང་དལ་མོར་རྒྱུག་པ།  ཐག་ལྡིང་རྩེད་པ།  ལྕགས་རྟ་སྐོར་བ་སོགས་ཀྱི་ལུས་སྦྱོང་བྱེད་ཐབས་བདམ་ཆོག   ལུས་ཤུགས་ཅུང་བཟང་བའི་བྱིས་པར་རྒྱུག་པ་དང་རི་མགོར་འཛེག་པ་སོགས་ཀྱི་ལུས་སྦྱོང་བྱེད་ཐབས་བདམ་ཆོག ལུས་པོ་ཧ་ཅང་ཚོན་པོ་ཡིན་པའི་བྱིས་པར་མཚོན་ན།  སྔོན་ལ་འགུལ་སྐྱོད་དྲག་པོ་བྱེད་མི་རུང་བར་དུས་ཚོད་ཐུང་ངུའི་ནང་དལ་མོར་རྒྱུག་པ་དང་ཆུར་རྐྱལ་བ་སོགས་བྱས་ན་བཟང་།   འགུལ་སྐྱོད་ཀྱི་དྲག་ཚད་དང་དུས་ཚོད་ལུས་པོའི་ལྗིད་ཚད་ལེགས་བཅོས་བྱུང་བ་དང་བསྟུན་ནས་རིམ་བཞིན་ཇེ་ཆེ་དང་ཇེ་རིང་དུ་བཏང་ཆོག

གསུམ། ལུགས་མཐུན་གྱིས་འགུལ་སྐྱོད་ཀྱི་དྲག་ཚད་དང་དུས་ཚོད་བཀོད་སྒྲིག་བྱེད་དགོས།   དགུན་གནང་སྐབས་སུ།   གཟའ་འཁོར་རེར་ཉུང་མཐར་ཡང་ཉིན་གསུམ་ནས་ལྔར་ལུས་སྦྱོང་བྱེད་དགོས་པ་དང་།  ཉིན་རེའི་ལུས་སྦྱོང་གི་དུས་ཚོད་སྐར་མ་སུམ་ཅུ་ནས་དུས་ཚོད་གཅིག་ལྷག་ཡིན་དགོས།   ཕྱི་དྲོ་དང་དགོང་མོའི་དུས་ཚོད་བདམ་ནས་ལུས་སྦྱོང་བྱས་ན་བཟང་། ལྷག་པར་དུ་དགོས་ཟས་སྔོན་གྱི་དུས་ཚོད་གཉིས་ནང་ལུས་སྦྱོང་བྱས་ན་བཟང་།     ལུས་སྦྱོང་མ་བྱས་སྔོན་གྱི་སྐར་མ་བཅུའི་རིང་གྲ་སྒྲིག་སྦྱོང་བརྡར་བྱེད་དགོས།

དེ་དང་མཉམ་དུ།  རང་ཉིད་ཀྱི་རྐང་པ་གཉིས་ལ་བརྟེན་ནས་ཉིན་རྒྱུན་གྱི་འགུལ་སྐྱོད་བྱེད་ཚད་ཇེ་མང་དུ་བཏང་ཆོག  དཔེར་ན།  རྐང་ཐང་དུ་འགྲོ་ཐུབ་ན་རླངས་འཁོར་ལ་མི་སྡོད་པ་དང་ཐེམ་སྐས་ལ་འཛེག་ཐུབ་ན་གློག་སྐས་ནང་འདུག་པ།   ད་རུང་ཁྱིམ་བདག་གིས་དུས་ཚོད་བཙལ་ནས་བྱིས་པ་དང་མཉམ་དུ་ལུས་སྦྱོང་བྱས་ན་བཟང་།  དེ་ལྟར་བྱས་ན་བྱིས་པས་ལུས་སྦྱོང་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་ནུས་པ་ཐོན་ཐུབ་པར་མ་ཟད།    ཕན་ཚུན་བར་གྱི་འབྲེལ་བའང་ཇེ་ཟབ་ཏུ་གཏོང་ཐུབ།

དེ་མིན།   དགུན་གནང་སྐབས་སུ།  ཁྱིམ་བདག་གིས་ཁང་བའི་ནང་ཕྱགས་པ་དང་བཀྲུ་བ།  དཀར་ཡོལ་བཀྲུ་བ།   ཉལ་ཐུལ་ལྟེབ་པ་སོགས་ཀྱི་ཁྱིམ་ལས་དག་བྱིས་པའི་ཉིན་རྒྱུན་སྦྱོང་བརྡར་གྱི་ཆ་ཤས་ཤིག་ཏུ་བརྩིས་ནས་བྱིས་པར་ལས་སུ་འཇུག་ཆོག  དེ་ལྟར་བྱས་ན་བྱིས་པའི་རང་བདག་ནུས་པ་གསོ་སྐྱོང་བྱེད་པའི་ཐད་ཕན་ཐོགས་ཡོད།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།