མགོ་ན་བ་ལ་དུས་ཡུན་རིང་པོར་ན་ཟུག་མི་འཇགས་པའི་རིགས་ཤིག་ཡོད་ལ། དེ་ནི་ཟླ་རེར་ཉིན15ལྷག་ཏུ་ན་བ་དང་། ཉུང་མཐའ་ཡང་བསྟུད་མར་ཟླ་གསུམ་རིང་ན་བ་རེད། དེ་ལའང་ནད་ཀྱི་རིགས་དང་ནད་རྐྱེན་མི་འདྲ་བ་དུ་མ་ཡོད་དེ། དཔེར་ན་མགོ་གཞོགས་ཕྱེད་ན་བ་དང་། སྨན་བསྟེན་ཚད་མང་བས་ན་བ་སོགས་ལྟ་བུ། ནད་པ་དེ་རིགས་ལ་མགོ་བོ་ན་བ་དང་མཉམ་དུ་བློ་མི་བདེ་བ་དང་སེམས་ཁམས་མི་སྐྱིད་པ་སོགས་ཀྱི་ནད་རྟགས་ཡོད་ལ། སེམས་ཁམས་མི་ལེགས་པ་དེ་རིགས་ཀྱིས་མགོ་བོ་ན་བ་ཇེ་དྲག་ཏུ་གཏོང་བ་ཡིན།
མགོ་ཡུན་རིང་དུ་ན་བ་དེ་ནི་ནད་རྟགས་ཙམ་མ་ཡིན་པར་ནད་ཅིག་ཡིན་པས། དེ་ལས་བསྐྱེད་པའི་གཉིད་མི་བདེ་བ་དང་བྱ་བའི་ལས་ཕྱོད་ཇེ་ཞན་དུ་འགྲོ་བ། སྤྱི་ཚོགས་ཀྱི་འགྲོ་འོང་ལ་གནོད་པ་སོགས་ཀྱིས་ནད་པའི་འཚོ་བ་ལ་གནོད་པ་ཆེན་པོ་འབྱུང་སྲིད།
མི་རེ་རེའི་ནད་རྟགས་དང་དེ་ལ་ཁ་གཏད་འཇལ་ཐབས་ཀྱང་མི་འདྲ་བས། གསོ་བཅོས་ཀྱི་ཐབས་ལའང་དེ་བསྟུན་གྱི་ཁྱད་པར་འབྱེད་དགོས།
སྨན་གྱི་བཅོས་ཐབས།
སྔོན་འགོག་རང་བཞིན་གྱི་སྨན་རྫས་ཏེ། དཔེར་ན་ཡི་མུག་འགོག་སྨན་དང་བརྒྱལ་གཟེར་འགོག་སྨན་སོགས་ནི་མགོ་ན་བའི་ན་ཐེངས་དང་ན་ཚད་ཇེ་ཉུང་དུ་གཏོང་བར་བྱེད་པའི་སྨན་ཡིན།
སྨན་རྫས་མ་ཡིན་པའི་བཅོས་ཐབས།
དངོས་ལུགས་བཅོས་ཐབས། དཔེར་ན་བསྐུ་མཉེ་དང་སྐམ་ཁབ་གཙགས་པ་སོགས་ཤ་གནད་གྲིམ་ཆེ་བ་དང་མགོ་གཟེར་བ་འཇགས་པར་ཕན་པའི་དཔྱད་བཅོས་ཀྱི་རིགས།
སེམས་ཁམས་ཀྱི་བཅོས་ཐབས། དཔེར་ན་སྤྱོད་ལམ་གྱི་བཅོས་ཐབས་དང་བག་ལྷོད་དུ་གནས་ཐབས་སོགས་ཀྱིས་མགོ་གཟེར་བ་ལས་བྱུང་བའི་སེམས་ཁམས་ཀྱི་གནོན་ཤུགས་སྙོམས་པར་བྱེད་ཐུབ།
གཞན་ད་རུང་ཆོས་ཉིད་དང་ལྡན་པར་གཉིད་ལོག་པ་དང་བཟའ་བཏུང་བསྟེན་པ། དབྱང་ལྡན་ལུས་སྦྱོང་གང་འཚམ་དུ་བསྟེན་པ། ཡོ་ག་སྦྱོང་བ་སོགས་ཀྱིས་འཚོ་བའི་གནོན་ཤུགས་བསངས་ན། མགོ་བོ་ཡུན་རིང་དུ་ན་བའི་རིགས་ལ་ཕན་ཐོགས་ཡོད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།