བུད་མེད་མང་པོ་ཞིག་ལ་ཟླ་མཚན་དུས་སུ་གསུས་ཆུང་ན་བ་དང་སྦོས་པ། རྐེད་པ་ན་བ་སོགས་ཀྱི་གནས་ཚུལ་འབྱུང་སྲིད། ང་ཚོས་རྒྱུན་དུ་ཟླ་མཚན་དུས་སུ་ཀ་ར་ནག་པོ་འཐུང་ན་ན་ཟུག་གཅོག་ཐུབ་པར་འདོད་བཞིན་ཡོད། ཡིན་ཡང་དོན་དངོས་ཐོག་ཀ་ར་ནག་པོར་ཐད་ཀར་དུ་ཟླ་མཚན་དུས་ཀྱི་གསུས་ཆུང་ན་བ་དང་སྦོས་པ། རྐེད་པ་ན་བ་སོགས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་ཐུབ་པའི་ནུས་པ་མེད།
ཟླ་མཚན་དུས་སུ་མི་བདེ་བའི་སྣང་ཚུལ་འབྱུང་བའི་རྒྱུ་རྐྱེན།
ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་ཞེས་པ་ནི་ཟླ་མཚན་འབབ་པའི་སྔ་རྗེས་དང་ཟླ་མཚན་འབབ་སྐབས་གསུས་ཆུང་ན་བ་དང་སྦོས་པ། རྐེད་པ་ན་བའམ་ཡང་ན་མི་བདེ་བའི་སྣང་ཚུལ་གཞན་ཡོད་པ་ལ་ཟེར་ཞིང་། དེར་དབྱེ་ན་གདོད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་དང་མཐུད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་གཉིས་ཡོད།
གདོད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་ནི་བུད་མེད་ཀྱི་སྐྱེ་འཕེལ་མ་ལག་ལ་དབང་རྫས་རང་བཞིན་གྱི་ནད་འགྱུར་མེད་པའི་ཟླ་མཚན་འབབ་སྐབས་ཀྱི་གསུས་པ་ན་བ་གོ་ཞིང་། ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་མང་ཆེ་བ་གདོད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་གྱི་ཁོངས་སུ་གཏོགས་པ་ཡིན། གདོད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་འབྱུང་བ་ནི་གཙོ་བོ་ཟླ་མཚན་འབབ་པའི་སྐབས་སུ་བུ་སྣོད་ནང་སྐྱིའི་ཆུ་རྨེན་རྒྱུའི་འདུས་ཚད་ཇེ་མཐོར་སོང་བ་དང་འབྲེལ་ཡོད། ཆུ་རྨེན་རྒྱུའི་འདུས་ཚད་མཐོ་ན་བུ་སྣོད་འཇམ་འདྲེད་འཁུམ་འདུ་དྲག་པོ་བྱེད་པ་སོགས་བྱས་ཏེ་བུ་སྣོད་ལ་ཁྲག་ཆད་པ་སོགས་བྱས་ནས་མི་བདེ་བའི་སྣང་ཚུལ་འབྱུང་བཞིན་ཡོད།
མཐུད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་ནི་ཚང་ཁོག་གི་དབང་རྫས་རང་བཞིན་གྱི་ནད་རིགས་ཀྱིས་བསྐྱེད་པའི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་འབྱུང་བ་ལ་ཟེར། མཐུད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་བྱུང་ན་སྨན་ཁང་དུ་སོང་ནས་བརྟག་དཔྱད་ཞིབ་མོ་བྱས་ཏེ་རྒྱུ་རྐྱེན་ངོས་འཛིན་བྱེད་དགོས། མཐུད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་དེ་གཙོ་བོ་བུ་སྣོད་ནང་སྐྱིའི་གནས་གཞན་ནད་དང་བུ་སྣོད་གཤེར་རྨེན་ཤ་ནད། ཚང་ཁོག་ཚ་ནད་སོགས་མོ་ནད་ཀྱིས་བསྐྱེད་བཞིན་ཡོད། མཐུད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་ལ་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་འབྱུང་སྲིད་པས། ནད་གཞི་ལ་དམིགས་ནས་སྨན་བཅོས་བྱེད་དགོས།
ཀ་ར་ནག་པོ་འཐུང་ན། ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་ཐུབ་བམ་ཞེ་ན།
ཀ་ར་ནག་པོའི་གྲུབ་ཆ་གཙོ་བོ་ནི་བུ་རམ་ཡིན་ལ། ད་རུང་ཤིང་འབྲས་ཀྱི་མངར་ཆ་དང་རྒུན་འབྲུམ་མངར་ཆ་ཉུང་ཙམ་འདུས་ཡོད། ཀ་རའི་འདུས་ཚད་བརྒྱ་ཆའི་གོ་དྲུག་གྲངས་ཆུང་དྲུག་ཡིན། ཟླ་མཚན་དུས་སུ་ཀ་ར་ནག་པོ་འཐུང་ན་ནུས་ཚད་ཁ་གསབ་བྱེད་ཐུབ། ཡིན་ཡང་། འཚོ་བཅུད་རིག་པའི་ངོས་ནས་བཤད་ན། ཀ་ར་ནག་པོའི་ནང་དུ་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་ཐུབ་པའི་དམིགས་བསལ་གྱི་གྲུབ་ཆ་གཅིག་ཀྱང་མེད། ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་ཚབས་ཆེ་ན། ཀ་ར་ནག་པོ་འཐུང་ན་མི་བདེ་བའི་སྣང་ཚུལ་སེལ་ཐབས་མེད་པས། ན་ཟུག་གཅོག་པའི་སྨན་བསྟེན་པའམ་ཡང་ན་སྨན་བཅོས་བྱེད་ཐབས་གཞན་པ་སྤྱོད་དགོས།
མི་མང་པོ་ཞིག་གིས་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་འབྱུང་སྐབས་ཀ་ར་ནག་པོ་འཐུང་ན་མི་བདེ་བའི་སྣང་ཚུལ་ཅུང་ཙམ་སེལ་ཐུབ་པར་བཤད་ཀྱིན་ཡོད་མོད། འོན་ཀྱང་དེ་ནི་ཀ་ར་ནག་པོའི་བྱེད་ནུས་གཅིག་པུ་མིན་པར་སེམས་ཁམས་ཀྱི་བྱེད་ནུས་ཡིན་ཡང་སྲིད་དེ། ཆུ་ཁོལ་འཐུང་ན་ཁྲག་གི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་ཐུབ་པ་དང་གསུས་ཆུང་ལ་དྲོད་ལམ་ལམ་གྱི་ཚོར་བ་སྟེར་བས། ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་བར་བྱེད་ནུས་ངེས་ཅན་ཐོན་སྲིད། དེ་མིན། ཀ་ར་ནག་པོའི་མངར་ཞིང་ཞིམ་པའི་བྲོ་བས་ཀྱང་སུན་སྣང་གི་སེམས་ཁམས་ལེགས་བཅོས་བྱེད་ཐུབ།
ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་ཐབས།
གདོད་འབྱུང་རང་བཞིན་གྱི་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་ལ་ན་ཟུག་གཅོག་པའི་སྨན་བསྟེན་ནས་བུད་མེད་ཀྱི་ཟླ་མཚན་དུས་ཀྱི་འཚོ་བའི་སྤུས་ཚད་ཇེ་བཟང་ཏུ་བཏང་ཆོག་པ་ལས་གཞན་ད་རུང་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག
གཅིག སེམས་ཁམས་གསོ་བཅོས་ལ་མཐོང་ཆེན་བྱེད་དགོས། ཟླ་མཚན་དུས་སུ་མི་བདེ་བའི་སྣང་ཚུལ་ཅུང་ཙམ་ཡོད་པ་ནི་རྒྱུན་ལྡན་གྱི་སྐྱེ་ལུགས་སྣང་ཚུལ་ཡིན་པས། སེམས་ཁུར་སོགས་སེམས་ཁམས་ཀྱི་གནད་དོན་མེད་པར་བྱས་ན། ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་ཐུབ་པ་ཡིན།
གཉིས། གཉིད་འདང་ངེས་ལོག་པ་དང་ངལ་གསོ་བཟང་བོ་བྱེད་པ། དྲོད་སྲུང་བཟང་བོ་བྱས་ན་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་བར་ཕན་ཐོགས་ངེས་ཅན་ཡོད།
གསུམ། སྨན་རྫས་ཀྱིས་སྨན་བཅོས་བྱེད་སྐབས་ན་ཟུག་གཅོག་པའི་སྨན་བསྟེན་པ་ལས་གཞན། སྦྲུམ་འགོག་དགོས་མཁོ་ཡོད་པའི་བུད་མེད་ཀྱིས་ཡུན་ཐུང་སྦྲུམ་འགོག་སྨན་བསྟེན་ན། ཟླ་མཚན་ཁྲོད་ཀྱི་ཆུ་རྨེན་རྒྱུའི་འདུས་ཚད་ཇེ་ཉུང་དུ་གཏོང་ཐུབ་པས། ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སེལ་བར་ཕན་ཐོགས་ཡོད།
གལ་ཏེ་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་སྔར་ལས་ཚབས་ཆེ་བ་སོགས་ཀྱི་གནས་ཚུལ་བྱུང་ན། དུས་ཐོག་ཏུ་ནད་བརྟག་སྨན་བཅོས་བྱས་ནས་ཟླ་མཚན་དུས་ཀྱི་མི་བདེ་བའི་སྣང་ཚུལ་འབྱུང་བའི་རྒྱུ་རྐྱེན་ལ་ཞིབ་བཤེར་བྱས་ནས་གསོ་བཅོས་བྱེད་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།