གཉན་ཚད་དང་གླེན་ནད་སློང་བའི་ཟས་རིགས་གང་དག་ཡིན།
2025.02.24 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ནད་ཀྱི་འབྱུང་ཁུངས་ཁ་ཡིན་ཞེས་པ་ལྟར། ནད་རིགས་དང་བཟའ་བཏུང་གི་བར་དུ་མེ་དང་དུ་བ་ལྟ་བུའི་འབྲེལ་བ་ཆེན་པོ་ལྡན། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། དུས་ཡུན་རིང་པོར་གཉན་ཚད་འཕེལ་བའི་བཟའ་བཏུང་བསྟེན་ན་གཉན་ཚད་ཀྱི་འབྱུང་ཚད་ཇེ་ཆེར་འགྲོ་བར་མ་ཟད། རྒན་པའི་གླེན་ནད་འབྱུང་བའི་ཉེན་ཁ་ཡང་ལྡབ་འགྱུར་གྱིས་ཇེ་མཐོར་འགྲོ་བ་རེད།

གཉན་ཚད་སློང་བའི་ཟས་རིགས་ལ་གང་དག་ཡོད་པ་དང་། ཟས་རིགས་གང་དག་བསྟེན་ན་གཉན་ཚད་འགོས་པའི་ཉེན་ཁ་ཇེ་ཆུང་དུ་འགྲོའམ་ཞེ་ན། གཤམ་ནས་དེའི་སྐོར་གྱི་ལུས་ཁམས་བདེ་ཐང་ཤེས་བྱར་རྒྱུས་ལོན་ཞིག་བྱ།

གཅིག ཟས་རིགས་འདི་དག་གིས་གླེན་ནད་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་བ་རེད།

དུས་རྒྱུན་དུ་གཉན་ཚད་འཕེལ་བའི་ཟས་རིགས་བསྟེན་ན། ལུས་ཕུང་ལ་དལ་གཤིས་གཉན་ཚད་འབྱུང་སླ།  ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཉན་ཚད་འབྱུང་སླ་བའི་ཟས་རིགས་བསྟེན་མཁན་གྱི་མི་ཚོགས་ལ་རྒན་པའི་གླེན་ནད་ཕོག་པའི་ཉེན་ཁ་གཉན་ཚད་འབྱུང་མི་སླ་བའི་ཟས་རིགས་བསྟེན་མཁན་གྱི་མི་ཚོགས་ལས88%ཀྱིས་མཐོ་བ་རེད།

གཉིས། གཉན་ཚད་སློང་བའི་ཟས་རིགས་གང་དག་ཡིན།

མིག་སྔའི་ཞིབ་འཇུག་ཅིག་ལས་ར་སྤྲོད་བྱུང་བ་ལྟར་ན། གཉན་ཚད་སློང་བའི་ཟས་རིགས་དང་ནད་རིགས་མང་པོའི་བར་འབྲེལ་བ་ཆེན་པོ་ཡོད། དཔེར་ན་ལུས་ལ་ཚོ་འབུད་པ་དང་གཅིན་སྙི་ཟ་ཁུའི་ནད། སྙིང་ཁམས་ཁྲག་རྩའི་ནད་རིགས་སོགས་ཡིན། བཟའ་བྱའི་གཉན་ཚད་སྟོན་གྲངས་དཔྱད་བསྡུར་བྱེད་

ཐབས་ལ་བལྟས་ན། གཤམ་གྱི་བཟའ་བཏུང་རིགས་དྲུག་པོ་འདི་དག་ཚང་མ་གཉན་ཚད་སློང་བའི་ཟས་རིགས་ཀྱི་ཁོངས་སུ་གཏོགས་པ་རེད།

1.ཤ་དམར།

ཕག་ཤ་དང་ལུག་ཤ་སོགས་ནི་ཤ་དམར་གྱི་ཁོངས་སུ་གཏོགས་པས། ཤ་དམར་དེ་དག་ཟོས་དྲགས་ན་ལུས་པོར་གཉན་ཚད་སློང་བར་མ་ཟད། ད་དུང་གཅིན་སྙི་ཟ་ཁུའི་ནད་དང་ལོང་གའི་འབྲས་སྐྲན། ལུས་ཚོ་རྒྱས་པ་བཅས་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་སྲིད།

2.ལས་སྣོན་བྱས་པའི་ཤ།

ལས་སྣོན་བྱས་པའི་ཤ་ཡི་རིགས་དང་། ཤ་རྒྱུ་འདྲ་མིན་སོགས་ཟོས་དྲགས་ན་མིའི་ལུས་ཕུང་གི་དབྱང་འགྱུར་སྐུལ་བསྟུན་ཆུ་ཚད་ཇེ་མཐོར་འགྲོ་བ་དང་གཉན་ཚད་ཀྱི་འགྱུར་འབྱུང་ཐོན་སྲིད།

3.མངར་ཆ་མཐོ་བའི་ཟས་རིགས།

མངར་ཆ་མཐོ་བའི་ཟས་རིགས་ཀྱིས་རྒྱུ་མའི་འབུ་ཕྲའི་ཁོར་ཡུག་དཀྲུགས་ནས་དལ་གཤིས་གཉན་ཚད་སློང་སྲིད།

4.ལྡོག་ཚུལ་ཞག་ཚིལ།

རྒྱུན་དུ་ལྡོག་ཚུལ་ཚིལ་སྐྱུར་འདུས་པའི་ཟས་རིགས་ཟོས་ནའང་གཉན་ཚད་སློང་སྲིད། དཔེར་ན། ཚིལ་ཕྱེ་འདུས་པའི་འོ་ཇ་དང་མིས་བཟོས་འོ་སྣུམ་འདུས་པའི་འོ་མའི་བག་ལེབ་སོགས་རེད།

5.སྣུམ་བསྲེགས་ཟས་རིགས།

ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། སྣུམ་བསྲེགས་ཟས་རིགས་ཟོས་དྲགས་ན་ལུས་པོའི་ནང་གི་གཉན་ཚད་ཇེ་ཆེར་འགྲོ་སྲིད། སྣུམ་བསྲེགས་བྱས་པའི་ཟས་རིགས་ནང་དུ་ཚད་ལོན་ཚིལ་སྐྱུར་འབོར་ཆེན་འདུས་ཡོད་ལ། དེར་མ་ཟད་དྲོད་ཚད་མཐོ་བའི་སྣུམ་བཙོས་གོ་རིམ་ཁྲོད་ལྡོག་ཚུལ་ཚིལ་སྐྱུར་མང་པོ་འབྱུང་བ་རེད།

6.ཆང་བཅུད།

ཆང་བཅུད་ལ་ཡང་གཉན་ཚད་སློང་བའི་ནུས་པ་ངེས་ཅན་ཞིག་ལྡན། གཞན་ཡང་རྒྱུན་ལྡན་གྱི་བཟའ་བཏུང་ཁྲོད་གཙོ་ཟས་ཁོ་ན་བསྟེན་མི་རུང་ལ། བཟའ་བཅའ་གང་ཡིན་ཡང་ལུགས་མཐུན་ངང་སྡེབ་སྦྱོར་ཡག་པོ་བྱེད་དགོས།

གསུམ། གཉན་ཚད་འགོག་པའི་ཟས་རིགས་གང་དག་ཡོད།

རིམས་འགོག་ནུས་པ་ཇེ་ལེགས་སུ་གཏོང་བ་དང་། ལུས་སྟེང་གི་གཉན་ཚད་གཅོག་འདོད་ན། གཉན་ཚད་འགོག་པའི་ཟས་རིགས་མང་ཙམ་བཟའ་དགོས།

1.སྔོ་ཚོད་དང་སིལ་ཏོག་མང་ཙམ་བཟའ་དགོས།

ཉིན་རེར་རིགས་མི་འདྲ་བའི་སྔོ་ཚོད་དང་སིལ་ཏོག་མང་ཙམ་བཟའ་དགོས།

2.ཚི་སྣ་འདུས་པའི་ཟས་རིགས་མང་ཙམ་བཟའ་དགོས།

སྲན་མའི་ཐོན་རྫས་དང་གྲོ། ནས། བྲ་བོ། མ་རྨོས་ལོ་ཏོག་སོགས་ཀྱི་ཟས་རིགས་ཀྱིས་ཟས་རིགས་གཙོ་བོའི1/3ནས1/2ཟིན་པར་བྱེད་དགོས།

3.ཚིལ་སྐྱུར་བསྡུ་ལེན་ཇེ་མང་དུ་གཏོང་དགོས།

ཉ་ཤ་དང་བྱ་ཤ་སོགས་ཤ་དཀར་རིགས་མང་ཙམ་ཟོས་ན་གཉན་ཚད་འགོག་ཐུབ་པས། གཟའ་འཁོར་རེར་ཉུང་མཐའ་ཡང་ཐེངས2ནས3བར་བཟའ་དགོས། ཤ་དཀར་རིགས་ལས་གཞན་ཤིང་ཏོག་སྐམ་པོ་ཡང་ཚིལ་སྐྱུར་གྱི་འབྱུང་ཁུངས་ཡིན་པས། ཉིན་རེར་ཁེ10ནས15ཡས་མས་བཟའ་དགོས།

གཞན་ཡང་། གཉན་ཚད་འགོག་པར་ཉིན་རེར་ལུས་སྦྱོང་འོས་འཚམ་བྱེད་པ་དང་། སེམས་ཁམས་སྐྱིད་པོ་ཡོང་བར་བྱེད་པ། གཉིད་ཡག་པོ་ལོག་པ། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་བྱེད་པ། ཆང་རག་དང་ཐ་མག་བག་མེད་སྤྱོད་པའི་གོམས་གཤིས་ངན་པ་འདོར་བ། དུས་བཅད་ལྟར་སྨན་ཁང་དུ་སོང་ནས་ལུས་པོར་བརྟག་དཔྱད་བྱེད་པ་སོགས་ཟས་སྤྱོད་སྤང་བླང་གི་ཐབས་ཤེས་སྣ་ཚོགས་བསྟེན་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།