རྒྱུན་དུ་རྐང་ཐང་དུ་སོང་ན་ཕན་ཐོགས་འདི་འདྲ་ཡོད།
2025.02.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

རྒྱུན་དུ་རྐང་ཐང་དུ་སོང་ན་ལུས་པོར་ཕན་ཐོགས་ཆེན་པོ་ཡོད་དེ། སྙིང་ཁམས་ཀྱི་ནུས་པ་ཇེ་ལེགས་སུ་འགྲོ་བ་དང་ཁྲག་རྩ་མཉེན་པོ་ཆགས་ནས་ཁྲག་རྩ་རྡོལ་བ་སོགས་ཀྱི་གནས་ཚུལ་ཐོན་ཚད་ཇེ་ཉུང་དུ་གཏོང་ཐུབ། ཤ་གནད་ཀྱི་ནུས་པ་ཇེ་ལེགས་སུ་ཕྱིན་ཏེ་རྐང་པ་སྤོ་བདེ་བར་མ་ཟད། རུས་ཚིགས་བདེ་ལ་མིའི་ལུས་པོའི་ཁྲག་འཁོར་རྒྱུག་ལ་ཕན་པ་ཆེ། ཟས་ཀྱི་དང་ག་འབྱེད་ཐུབ་པ་དང་ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙི་ཟ་ཁུའི་ནད། ལུས་ལ་ཚོ་འབུད་པ། རྒྱུན་གཏན་རང་བཞིན་གྱི་བཤང་འགག་སོགས་ཀྱི་ནད་གཞི་འགོག་བཅོས་ལ་ཕན་པ་ཡོད། ཕྱི་རོལ་གྱི་མཁའ་རླུང་གཙང་མའི་ཁྲོད་སོང་ཚེ་ཀླད་པའི་བསམ་གཞིག་བྱེད་ནུས་ཇེ་ལེགས་སུ་འགྲོ་བ་དང་གནོན་ཤུགས་སེལ་བར་ཕན་ཐོགས་ཡོད་པས་སློབ་སྦྱོང་དང་ལས་ཀའི་ཕན་འབྲས་ཇེ་མཐོར་གཏོང་ཐུབ། ཁྲག་ཚིལ་ཀྱི་རིགས་དང་མཁྲིས་རྒྱུའི་གཤེར་རྩི་གསོག་ཚད་ཇེ་ཉུང་དུ་གཏོང་ཐུབ་ལ་ཁྲག་མངར་ཇེ་ཉུང་དུ་ཕྱིན་ནས་ཁྲག་ནང་གི་ཚིལ་རིགས་འགྱུར་ཚད་ཡང་ཇེ་ཉུང་དུ་གཏོང་ཐུབ། མིའི་གསུས་པའི་ངོས་སུ་ཚི་ལུ་གསོག་ཚད་ཇེ་ཉུང་དུ་ཕྱིན་ནས་གཟུགས་བྱད་ཇེ་ལེགས་སུ་གཏོང་ཐུབ་པར་མ་ཟད། སྙིང་རྩ་འགག་པ་སོགས་ཀྱི་ནད་ཕོག་ཚད་ཇེ་ཉུང་དུ་འགྲོ་ཐུབ། དེ་མིན་ད་རུང་ལུས་སྟོབས་འཕེལ་ཞིང་ནད་འགོག་ནུས་པ་ཇེ་ལེགས་སུ་གཏོང་ཐུབ།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།