དཔྱིད་དུས་ཀྱི་གནམ་གཤིས་ལ་འགྱུར་ལྡོག་ཆེ་བས། འགོས་ནད་སྣ་མང་འབྱུང་སླ་བའི་དུས་ཚིགས་ཡིན། དེ་བས། ཚང་མས་འགོས་ནད་སྔོན་འགོག་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ་འགོས་ནད་འབྱུང་བ་སྔོན་འགོག་བྱེད་དགོས། དེ་མིན་ད་རུང་ད་ལྟ་སློབ་གྲྭ་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་འཚོགས་བཞིན་ཡོད་ལ། སློབ་གྲྭའི་ནང་དུ་སློབ་མ་མང་ཞིང་ཕན་ཚུན་འབྲེལ་འདྲིས་བྱེད་ཐེབས་མང་བས། སློབ་གྲྭ་དག་གིས་དེ་ལས་ཀྱང་འགོས་ནད་སྔོན་འགོག་ཐད་ཤུགས་སྣོན་དགོས། གཤམ་ནས་རྒྱུན་མཐོང་གི་དབུགས་ལམ་འགོས་ནད་དང་འཇུ་ལམ་འགོས་ནད་ཀྱི་ནད་རྟགས་དང་སྔོན་འགོག་བྱེད་ཐབས་སྐོར་ནས་ངོ་སྤྲོད་ཅིག་བྱེད།
དང་པོ། དབུགས་ལམ་འགོས་ནད་ཀྱི་རིགས།
གཅིག ཆམ་རིམས། ཆམ་རིམས་ནད་དུག་གིས་བསྐྱེད་པའི་རྒྱུན་མཐོང་གི་མྱུར་བའི་རང་བཞིན་གྱི་དབུགས་ལམ་འགོས་ནད་ཅིག་ཡིན། བྱིས་པའི་རྒྱུན་མཐོང་གི་ནད་རྟགས་ལ་ཚ་རྒྱས་ནས་ལུས་དྲོད་ཏུའུ་སོ་དགུ་ནས་བཞི་བཅུར་སླེབས་སྲིད་པ་དང་གྲང་ཤུམ་བྱེད་པ། ད་རུང་རྒྱུན་དུ་ལུ་བ་དང་མང་ཆེ་བ་སྐམ་ལུ་བྱེད་པ། ཆུ་དང་འདྲ་བའམ་ཡང་ན་འབྱར་བག་ཅན་གྱི་སྣབས་ཡོད་པར་མ་ཟད་མིད་པ་ན་བ་དང་མགོ་ན་བ། ཤ་གནད་ན་བ། ཐང་ཆད་པ། སྐྱུག་པ། ཁོག་པ་བཤལ་བ་སོགས་ཡོད།
གཉིས། ཉིན་བརྒྱའི་ལུ་ནད།
དེ་ནི་ཉིན་བརྒྱའི་ལུ་ནད་པའོ་ཐི་སྲིན་གྱིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་དབུགས་ལམ་འགོས་ནད་ཅིག་ཡིན། བྱིས་པའི་ཐོག་མའི་ནད་རྟགས་ལ་སྣ་ཆུ་བཞུར་བ་དང་ཧབ་སྦྲིད་རྒྱག་པ། མིག་ཆུ་བཞུར་བ། མིད་པ་ན་བ་སོགས་ཀྱི་སྣང་ཚུལ་ཡོད་ལ། མང་ཆེ་བར་ཚ་མི་རྒྱག་པ་ཡིན།
གསུམ། ཆུ་ཐོར།
དེ་ནི་ཆུ་ཐོར་ཐགས་དབྱིབས་ཆུ་འབྲུམ་གྱིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན། ཆུ་ཐོར་གྱི་ནད་པ་མང་ཆེ་བ་ལོ་གཅིག་ནས་བཅུ་བཞི་བར་གྱི་བྱིས་པ་ཡིན། ཆུ་ཐོར་ནི་མྱུར་བའི་རང་བཞིན་གྱི་འགོས་ནད་དུ་གཏོགས་མོད། འོན་ཀྱང་བླ་གཉན་ཚབས་ཆེན་འབྱུང་མི་སྲིད།
འགོ་ལམ་གཙོ་བོ།
གཅིག མཆིལ་ཟགས་བརྒྱུད་ནས་འགོ་བ། དེ་ནི་དབུགས་ལམ་འགོས་ནད་ཀྱི་འགོ་ལམ་གཙོ་བོ་ཞིག་ཡིན། ནད་པ་ལུ་བ་དང་ཧབ་སྦྲིད་བྱེད་པའམ་ཡང་ན་སྐད་གསེང་མཐོན་པོས་སྐད་ཆ་བཤད་པའི་སྐབས་སུ་ནད་དུག་འདུས་པའི་མཆིལ་ཟགས་འབྱུང་སྲིད་པ་དང་། མཆིལ་ཟགས་དེ་དག་རྒྱུན་པར་རྨིད་གཅིག་ནས་གཉིས་ཀྱི་ཁྱབ་ཁོངས་སུ་ཁྱབ་སྲིད།
གཉིས། འབྲེལ་འདྲིས་བྱས་པ་བརྒྱུད་ནས་འགོ་བ། ནད་དུག་གིས་འབག་བཙོག་ཐེབས་པའི་དཀར་ཡོལ་དང་རྩེད་ཆས་སོགས་དངོས་པོར་རེག་རྗེས། ལག་པ་མ་བཀྲུས་པར་ཁ་སྣ་སོགས་ལ་རེག་ན། དབུགས་ལམ་ནད་དུག་འགོ་སྲིད།
སྔོན་འགོག་བྱེད་ཐབས།
གཅིག ཁ་ཐུམ་རྒྱག་པ། ཁ་ཐུམ་རྒྱབ་ན་མཆིལ་ཟགས་བརྒྱུད་ནས་འགོ་བ་ནུས་ཡོད་སྒོས་ཇེ་ཉུང་དུ་གཏོང་ཐུབ།
གཉིས། ལག་པ་བཀྲུ་བ། འདག་རྫས་སོགས་སྤྱད་ནས་ལག་པ་གཙང་མར་བཀྲུ་དགོས། ལྷག་པར་དུ་ཟ་མ་མ་ཟོས་གོང་དང་གསང་སྤྱོད་དུ་སོང་བའི་རྗེས། གད་སྙིགས་ལ་རེག་པ་སོགས་བྱས་རྗེས་མྱུར་དུ་ལག་པ་གཙང་མར་བཀྲུ་དགོས།
གསུམ། རླུང་རྒྱུ་རུ་འཇུག་པ། དུས་བཅད་ལྟར་སློབ་ཁང་དང་ཉལ་ཁང་སོགས་ཀྱི་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུ་རུ་བཅུག་སྟེ་མཁའ་དབུགས་འཁོར་རྒྱུག་ཐུབ་པར་ཁག་ཐེག་བྱེད་དགོས།
གསུམ། ཁོར་ཡུག་ལ་དུག་སེལ་བྱེད་དགོས། དུས་བཅད་ལྟར་སློབ་ཁང་དང་ཟ་ཁང་། གསང་སྤྱོད་ཁང་སོགས་མི་སྣ་འདུ་འཛོམས་ཆེ་སར་དུག་སེལ་བྱེད་དགོས་ལ། ལྷག་པར་དུ་རེག་ཐེངས་མང་པའི་དངོས་པོར་དུག་སེལ་བྱེད་དགོས།
བཞི། འགོག་སྨན་རྒྱག་པ། རིམས་འགོག་སྨན་ཁབ་རྒྱབ་ན་མིའི་ལུས་ཕུང་གི་རིམས་འགོག་ནུས་པ་ཇེ་དྲག་ཏུ་གཏོང་ཐུབ། རིམས་འགོག་སྨན་ཁབ་རྒྱབ་ན་རང་ཉིད་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། ད་རུང་ཚོགས་སྤྱིའི་རིམས་འགོག་བྱེད་ཐབས་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལའང་སྲུང་སྐྱོབ་བྱེད་ཐུབ། དཔེར་ན། ཆམ་རིམས་ནད་དུག་གི་ངོ་བོ་འགྱུར་སླ་བས་ལོ་རེའི་ཆམ་རིམས་ཀྱི་ནད་དུག་མི་འདྲ་བ་ཡིན་ཡང་སྲིད། གལ་ཏེ། ཆམ་རིམས་འགོག་སྨན་རྒྱབ་ན། ཆམ་རིམས་བྱུང་ཡང་ནད་རྟགས་ཅུང་ཡང་བ་དང་ན་ཡུན་ཡང་ཅུང་ཐུང་བས། ཆམ་རིམས་ལས་བསྐྱེད་པའི་ནད་རིགས་ཚབས་ཆེན་འབྱུང་བ་དང་ཤི་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།
གཉིས་པ། འཇུ་ལམ་འགོས་ནད་ཀྱི་རིགས།
གཅིག ནའོ་རུའུ་ནད་དུག དེ་ནི་ནའོ་རུའུ་ནད་དུག་གིས་བསྐྱེད་པའི་འབུ་ཕྲ་རང་བཞིན་མིན་པའི་མྱུར་བའི་རང་བཞིན་གྱི་ཕོ་རྒྱུའི་གཉན་ཚད་ཅིག་ཡིན་པ་དང་། སྤྱིར་བཏང་དུ་ན་ཡུན་ཉིན་གཉིས་ནས་གསུམ་ཡིན་ལ། རང་གིས་དྲག་སྐྱེད་འབྱུང་ཐུབ་པའི་ནད་རིགས་ཤིག་ཡིན། དྲག་སྐྱེད་བྱུང་རྗེས་ནད་གཞུག་གི་མི་བདེ་བའི་སྣང་ཚུལ་མེད་མོད། འགོས་ཁྱབ་རང་བཞིན་ཅུང་ཆེ། རྒྱུན་མཐོང་གི་ནད་རྟགས་ལ་ཁོག་པ་བཤལ་བ་དང་སྐྱུག་མེར་ལངས་པ། སྐྱུག་པ། གསུས་པ་དང་མགོ་ན་བ། ཚ་རྒྱག་པ། ཤ་གནད་ན་བ་སོགས་ཡོད། བྱིས་པར་སྐྱུག་པའི་ནད་རྟགས་གཙོ་བོ་ཡིན།
གཉིས། འཁོར་དབྱིབས་ནད་དུག དེ་ནི་འཁོར་དབྱིབས་ནད་དུག་གིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་འཇུ་ལམ་འགོས་ནད་ཅིག་ཡིན། རིགས་ཀ་བ་ཅན་གྱི་འཁོར་དབྱིབས་ནད་དུག་ནི་ཆེས་རྒྱུན་མཐོང་གི་ནད་དུག་ཡིན་ལ། གསར་སྐྱེས་བྱིས་པར་ཁོག་པ་བཤལ་བའི་ནད་རྐྱེན་གཙོ་བོའང་ཡིན། ནད་འབྱུང་ཚད་མྱུར་བ་དང་། བྱིས་པའི་རྒྱུན་མཐོང་གི་ནད་རྟགས་ལ་ཐོག་མར་སྐྱུག་པ་དང་དེ་ནས་ཁོག་པ་བཤལ་བ། ནད་པ་མང་ཆེ་བར་ད་རུང་ཚ་རྒྱག་པའི་ནད་རྟགས་ཡོད། ནད་པ་ཁ་ཤས་ལ་ཁོག་པ་བཤལ་བ་དང་སྐྱུག་མེར་ལངས་པ་སོགས་ཀྱི་ནད་རྟགས་ཡོད།
གསུམ། རྐང་ལག་ཁ་ནད། རྒྱུ་ལམ་ནད་དུག་རེད་པ་ལས་བསྐྱེད་པའི་བྱིས་པའི་རྒྱུན་མཐོང་གི་འགོས་ནད་ཅིག་ཡིན་ལ། ལོ་ལྔའི་མན་གྱི་བྱིས་པར་འབྱུང་བ་མང་། ནད་རྟགས་ལ་ཚ་རྒྱག་པ་དང་། ལག་པ་དང་རྐང་པ། ཁ་སོགས་སུ་འབྲུམ་འབུད་པར་མ་ཟད། ད་རུང་ལུ་བ་དང་སྣ་ཆུ་བཞུར་བ། ཡི་ག་མི་བཟང་བ་སོགས་ཡོད། ནད་དཔེ་ཁ་ཤས་ལ་པགས་འབྲུམ་དང་ཆུར་འབྲུམ་རང་བཞིན་གྱི་གྲེ་འཕྲང་ཚ་ནད་འབྱུང་སྲིད། དཔེར་མཚོན་གྱི་པགས་འབྲུམ་ལ་དེའུ་འབྲུམ་ཁྲ་ཐིག་དང་དེའུ་འབྲུམ། ཆུར་འབྲུམ་སོགས་ཡོད།
འགོ་ལམ་གཙོ་བོ།
གཅིག ནད་པ་གསང་སྤྱོད་དུ་སོང་རྗེས་ལག་པ་མ་བཀྲུས་པར་ཐད་ཀར་མི་གཞན་དང་འབྲེལ་འདྲིས་བྱེད་པའམ་ཡང་ན་ཟས་རིགས་ལ་རེག་པ་བརྒྱུད་ནས་འགོ་བ།
གཉིས། བཤང་གཅི་དང་བཙོག་ཆུས་འབག་བཙོག་ཐེབས་པའི་ཆུ་འཐུང་བ་ལས་འགོ་བ།
གསུམ། ཟ་མ་བརྒྱུད་དེ་འགོ་བ། ནད་དུག་གིས་འབག་བཙོག་ཐེབས་པའི་མཚོ་ཟས་ཀྱི་རིགས་རློན་པར་ཟ་བ་དང་། ཟས་རིགས་རློན་པ་དང་བཙོས་མ་མཉམ་དུ་འཇོག་པའམ་ཡང་ན་འབག་བཙོག་ཐེབས་པའི་ཡོ་ཆས་ཀྱིས་ཟས་རིགས་བཙོས་མ་ལས་སྣོན་བྱེད་པ། ནད་པས་ཟ་མ་གཡོས་སྦྱོར་བྱེད་སྐབས་ལག་པ་མ་བཀྲུས་པ་སོགས་ལས་ནད་འགོ་བ།
བཞི། འབྲེལ་འདྲིས་བྱས་པ་བརྒྱུད་ནས་འགོ་བ། ནད་བྱུང་བའི་བྱིས་པའི་བཤང་གཅི་དང་སྐྱུག་རོ་ལ་རེག་རྗེས་ལག་པ་མི་བཀྲུ་བ་དང་། ནད་དུག་གིས་འབག་བཙོག་ཐེབས་པའི་རྩེད་ཆས་སོགས་དངོས་པོར་རེག་རྗེས་ལག་པ་མ་བཀྲུས་པར་ཁ་དང་སྣ། མིག་སོགས་ལ་རེག་པ་བརྒྱུད་ནས་འགོ་བ།
སྔོན་འགོག་བྱེད་ཐབས།
གཅིག རྒྱུན་པར་ལག་པ་གཙང་མར་བཀྲུ་བ། གད་སྙིགས་སོགས་མི་གཙང་བའི་དངོས་པོར་རེག་རྗེས་དང་ཟ་མ་མ་ཟོས་གོང་ལ་ལག་པ་གཙང་མར་བཀྲུ་བ་ནི་འཇུ་ལམ་འགོས་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ད་རུང་གསང་སྤྱོད་དུ་སོང་རྗེས་དང་གློ་ལུ་བ། ཧབ་སྦྲིད་རྒྱག་པ། སྣབས་བུད་པའི་རྗེས་སུའང་དུས་ཐོག་ཏུ་ལག་པ་གཙང་མར་བཀྲུས་ན་ནད་དུག་གི་འགོས་ཁྱབ་ཇེ་ཉུང་དུ་གཏོང་ཐུབ།
གཉིས། བཟང་བཏུང་ལ་དོ་སྣང་བྱེད་པ། ཆུ་འཁྱགས་མི་འཐུང་བ་དང་ཚོས་མེད་པའི་ཟས་རིགས་མི་ཟ་བ། སིལ་ཏོག་གི་རིགས་གཙང་མར་བཀྲུས་ནས་ཟ་བ། དཀར་ཡོལ་དང་ཐུར་མ་སོགས་ཟས་རིགས་ཡོ་བྱད་དང་ཇ་ཕོར་སོགས་མི་གཞན་དང་མཉམ་སྤྱོད་མི་བྱེད་པ། ཟས་རིགས་རློན་པ་དང་བཙོས་མ་ཁ་ཁར་གསོག་ཉར་བྱེད་པ་སོགས་བྱས་ནའང་ནད་དུག་གི་འགོས་ཁྱབ་ཇེ་ཉུང་དུ་གཏོང་ཐུབ།
གསུམ། འགོག་སྨན་རྒྱག་པ། འགོག་སྨན་རྒྱག་པ་ནི་འགོས་ནད་སྔོན་འགོག་བྱེད་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན། དཔེར་ན། འཁོར་དབྱིབས་ནད་དུག་གི་འགོག་སྨན་འཐུང་ན། འཁོར་དབྱིབས་ནད་དུག་གིས་བསྐྱེད་པའི་ཁོག་པ་བཤལ་བ་སྔོན་འགོག་བྱེད་ཐུབ། རྒྱུ་ལམ་ནད་དུག71རིགས་ཀྱི་འགོག་སྨན་རྒྱབ་ན། རྒྱུ་ལམ་ནད་དུག71ལས་བསྐྱེད་པའི་རྐང་ལག་ཁ་ནད་སྔོན་འགོག་བྱེད་ཐུབ་པ་ལྟ་བུ།
ལྷ་མོ་ཚེ་རིང་གིས་བསྒྱུར།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།