མཚོ་སྔོན་གྱིས་བྱེད་ཐབས་སྣ་མང་བརྒྱུད་དེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་།
2025.03.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ།  གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་མཚོ་སྔོན་ཞིང་ཆེན་གཞི་རིམ་འཕྲོད་བསྟེན་བདེ་ཐང་ལས་དོན་མགྱོགས་མྱུར་འཕེལ་རྒྱས་སུ་གཏོང་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན།    མཚོ་སྔོན་གྱིས་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་དོན་འཁྱོལ་དམ་འཛིན་ནན་མོ་བྱས་ཏེ་གཞི་རིམ་གྱི་ཀྲུང་བོད་ལུགས་གསོ་རིག་འཕེལ་རྒྱས་ཐད་སྔར་ལས་ནུས་ཤུགས་ལྡན་པར་བྱེད་པ་དང་གཞི་རིམ་གྱི་སྤྱི་བའི་འཕྲོད་བསྟེན་དང་ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་བྱ་བ་སྔར་ལས་ཚད་ལྡན་དུ་གཏོང་བ།  གཞི་རིམ་གྱི་འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་སྔར་ལས་སྟོབས་ལྡན་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་མངོན་གསལ་སྒོས་མཐོར་འདེགས་སུ་བཏང་།

རང་ཞིང་གིས་གཞི་རིམ་ཀྲུང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་ནུས་པ་མཐོར་འདེགས་གཏོང་བའི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འགུལ་སྐྱོད་འཆར་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གི་ཀྲུང་བོད་ལུགས་སྨན་ཁང་འཛུགས་སྐྲུན་བྱེད་ཚད་བརྒྱ་ཆའི་བརྒྱ་རུ་སླེབས།   བརྒྱ་ཆའི་བརྒྱ་ཡི་གཞིས་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གིས་ཀྲུང་བོད་ལུགས་གསོ་རིག་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་པས།  ཀྲུང་བོད་ལུགས་གསོ་རིག་གི་ཞབས་ཞུ་བེད་སྤྱོད་བྱེད་ཚད་རྒྱུན་མཐུད་ངང་ཇེ་དྲག་ཏུ་ཕྱིན།    རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞིའི་ཁྲོད་ཀྲུང་ལུགས་གསོ་རིག་གི་ནད་མེད་ཁམས་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཁྱིམ་ཚང་སྨན་པས་ཀྲུང་ལུགས་གསོ་རིག་གི་ནད་མེད་ཁམས་གསོའི་གྲོས་མཐུན་འགོད་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་མ་བཏང་།   མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་སྲུང་ཅུའུ་ཡིས་ཀྲུང་བོད་སོག་ལུགས་གསོ་རིག་གི་ཉིན་དཀར་ནད་ཁང་གི་སྨན་བཅོས་འགན་སྲུང་ རྩིས་སྤྲོད་སྲིད་ཇུས་ཕྱིར་བཏོན་ནས་ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ཀྲུང་བོད་སོག་ལུགས་གསོ་རིག་གི་གསོ་བཅོས་ཀྱི་ཁྱད་སྟོབས་ཡོད་པའི་ནད་རིགས་སོ་ལྔའི་ཉིན་དཀར་ནད་ཁང་གི་སྨན་བཅོས་འགན་སྲུང་རྩིས་སྤྲོད་ཞབས་ཞུ་འདོན་སྤྲོད་བྱས་ཏེ་ནད་པ་དག་གིས་ཉིན་དཀར་སྨན་ཁང་ནས་སྨན་བཅོས་བྱེད་པ་དང་དགོང་མོ་ཕྱིར་རང་ཁྱིམ་དུ་སོང་ནས་ཁམས་གསོ་བྱེད་པ་མངོན་འགྱུར་བྱས་པ་དེས་ནད་པ་དག་ལ་ཀྲུང་བོད་ལུགས་གསོ་རིག་གི་སྟབས་བདེའི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད།   རྒྱ་ཆེའི་མང་ཚོགས་ཀྱི་སྨན་བཅོས་འགྲོ་སོང་སྔར་ལས་ཇེ་དམའ་རུ་བཏང་།

ཞིང་ཆེན་ཡོངས་ཀྱི་གཞི་རྩའི་སྤྱི་བའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཀྱི་ཁ་གསབ་རོགས་སྐྱོར་ཚད་གཞི་ཉིས་སྟོང་དགུ་ལོའི་སྒོར་བཅོ་ལྔ་ནས་སྒོར་གོ་བཞིར་མཐོར་འདེགས་བཏང་བ་དང་།  ལོ་ཧྲིལ་བོར་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་ཁྲི་ལྔ་དང་སྟོང་ལྔ་དགུ་བརྒྱ་སུམ་བཅུ་དོན་འཁྱོལ་བྱས།  ཞིང་ཆེན་རིམ་པའི་སྤྱི་བའི་འཕྲོད་བསྟེན་ཞབས་ཞུའི་ལས་གཞི་རིགས་ཆེ་བ་གསུམ་དང་རིགས་ཆུང་བ་བརྒྱད་ཁ་སྣོན་བྱས་ནས་ལོ་རེར་སྒོར་བྱེ་བ་གསུམ་བཏང་། ལོ་རེར་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་ལྔ་དོན་འཁྱོལ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ལོ་རེ་ལྔ་དང་དེའི་ཡན་གྱི་ལོ་ལོན་རྒན་པར་བདེ་ཐང་བརྟག་དཔྱད་ལས་གཞི་སྤེལ།   གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་གིས་ཁོངས་གཏོགས་ས་ཁུལ་གྱི་གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བའི་ནད་སོགས་དལ་བའི་རང་བཞིན་གྱི་ནད་ཕོག་ཡོད་པའི་ནད་པ་དང་ལོ་ལོན་རྒན་པ།   བྱིས་པ།  སྦྲུམ་མ་སོགས་མི་ཚོགས་གཙོ་བོར་དུས་ཚིགས་རེར་འཚམས་འདྲི་བྱེད་པ་དང་།   ལོ་རེར་བདེ་ཐང་བརྟག་དཔྱད་བྱེད་པ།  བདེ་ཐང་སློབ་གསོ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས་པ་དང་།   བསྡོམས་པས་མི་ཐེངས་ས་ཡ་དྲུག་ལ་ཞབས་ཞུ་འདོན་སྤྲོད་བྱས།   སྨན་བཅོས་འགན་སྲུང་སོགས་སྡེ་ཁག་གསུམ་མཉམ་འབྲེལ་གྱིས་ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུ་བྱ་བའི་ནང་རྐྱེན་སྔར་ལས་འཐུས་ཚང་དུ་འཛུགས་པའི་སྐོར་གྱི་བརྡ་ཐོ་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་གཏན་འབེབས་བྱས་ཏེ་ཕྱིར་བཏོན་ནས།   གྲོས་མཐུན་འགོད་པའི་ཞབས་ཞུའི་དངུལ་བསྡུའི་ཚད་གཞི་སྒོར་ཉི་ཤུ་ཡིན་པ་དང་དེ་མིན་གཏོང་སྤྲོད་བྱེད་སྟངས་གཏན་འཁེལ་གསལ་བོ་བྱས་ཏེ་ཁྱིམ་ཚང་སྨན་པའི་གྲོས་མཐུན་འགོད་པའི་ཞབས་ཞུ་བྱ་བའི་ཚན་རིག་ཅན་དང་ལམ་ལུགས་ཅན།  ཚད་ལྡན་ཅན་བཅས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་།  མིག་སྔའི་བར་དུ།  ཞིང་ཆེན་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཀྱི་གྲོས་མཐུན་བཀོད་ཚད་བརྒྱ་ཆའི་རེ་དགུ་དང་གྲངས་ཆུང་བརྒྱད་ལྔ་ལ་སླེབས་པ་དང་།  མི་ཚོགས་གཙོ་བོའི་གྲོས་མཐུན་བཀོད་ཚད་བརྒྱ་ཆའི་གྱ་དྲུག་དང་གྲངས་ཆུང་བརྒྱད་བཞི་ལ་སླེབས།

ལྷ་མོ་ཚེ་རིང་གིས་བསྒྱུར།