ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་མང་ཚོགས་ཀྱི་ནད་སྟོན་པའི་དགོས་མཁོ་སྐོང་བ། གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་བྱེད་པར་རོགས་འདེགས་བྱེད་པ་བཅས་བྱེད་ཆེད། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྡེ་སྡོད་བྱ་བའི་རུ་ཁག་གིས་ཧུར་ཐག་གིས་སྦྲེལ་མཐུད་དང་སེམས་ཞིབ་མོས་གྲ་སྒྲིག་བྱས་ཏེ་ནུབ་རྒྱུད་འཐབ་ཁུལ་སྤྱིའི་སྨན་ཁང་དང་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཡོན་ཅཱ་ཁུག་གྲོང་རྡལ་འཕྲོད་བསྟེན་ཁང་སོགས་སྨན་ཁང་གི་སྨན་བཅོས་ཆེད་མཁས་པ་དང་ནད་གཡོག་སོགས་མི་སུམ་ཅུ་གདན་ཞུ་བྱས་ནས། སྟོང་སྐོར་རྫོང་པའོ་ཧང་ཡུལ་ཚོ་ཆོན་ཨར་སྡེ་བ་རུ་འོས་འགན་སྨན་བཅོས་བྱས།
སྡེ་སྡོད་ཧྲུའུ་ཅི་དང་པོ་ལིས་ཏུང་གིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་འོས་འགན་སྨན་བཅོས་དེ་དབུགས་ལམ་ཁོང་ནད་ཚན་ཁག་དང་མཆིན་ནད་ཚན་ཁག བུད་མེད་དང་བྱིས་པའི་ཚན་ཁག་སོགས་ཚན་ཁག་བཅུ་ལྷག་དང་། ཁམས་གསོ་དང་སྐམ་ཁབ་སོགས་བརྟག་བཅོས་ཞབས་ཞུ་མང་པོ་ཁྱབ་ཡོད། དེ་ནི་ཉེ་བའི་ལོ་གསུམ་གྱི་རིང་གཞི་རྒྱ་ཆེས་ཆེ་བའི་འོས་འགན་སྨན་བཅོས་བྱ་འགུལ་ཐེངས་ཤིག་ཡིན་པ་དང་། ཆོན་ཨར་སྡེ་བའི་སྡེ་དམངས་ལ་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། སྔོན་ལ་ཡུལ་ཚོ་ཡོངས་སུ་དྲིལ་སྒྲོག་བྱས་ནས་ཡུལ་ཚོ་ཡོངས་ཀྱི་སྡེ་བ་བཅུའི་མང་ཚོགས་ལ་ཞབས་ཞུ་འདོན་སྤྲོད་བྱས།
འོས་འགན་སྨན་བཅོས་བྱ་འགུལ་གྱིས་བསྡོམས་པས་སྡེ་དམངས་སུམ་བརྒྱ་ལ་ནད་བརྟག་སྨན་བཅོས་བྱས། སྨན་བཅོས་ཆེད་མཁས་པ་དང་ནད་གཡོག་རྣམས་ཀྱིས་སེམས་ཞིབ་མོས་ནད་བརྟག་སྨན་བཅོས་བྱེད་ཞོར་དུ་བདེ་ཐང་ཤེས་བྱ་དྲིལ་སྒྲོག་བྱས།
འོས་འགན་སྨན་བཅོས་བྱ་འགུལ་གྱིས་ང་ཚོ་རྫོང་མཁར་དང་ཞིང་ཆེན་དུ་འགྲོ་མི་དགོས་པར་རང་ཁྱིམ་གྱི་སྒོ་ཁ་ནས་ནད་སྟོན་ཐུབ་པར་བྱས། མི་དམངས་བཅིངས་འགྲོལ་དམག་གིས་ང་ཚོར་ནད་བརྟག་སྨན་བཅོས་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན་ལ། སྡེ་སྡོད་བྱ་བའི་རུ་ཁག་གིས་ང་ཚོ་མང་ཚོགས་ཀྱི་ཆེད་དུ་དོན་བཟང་སྒྲུབ་པར་ཡང་བཀའ་དྲིན་ཆེ་ཞུས་པ་ཡིན་ཞེས་ནད་བརྟག་སྨན་བཅོས་བྱེད་དུ་ཡོང་བའི་སྡེ་དམངས་རྣམས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་བསྟོད་བསྔགས་ཆེན་པོ་བྱེད་བཞིན་ཡོད།
འོས་འགན་སྨན་བཅོས་བྱ་འགུལ་མཇུག་སྒྲིལ་རྗེས། སྡེ་སྡོད་བྱ་བའི་རུ་ཁག་དང་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་འོས་འགན་སྨན་བཅོས་བྱེད་དུ་ཡོང་བའི་མང་ཚོགས་ཀྱི་ཚབ་བྱས་ཏེ་སྨན་བཅོས་སྡེ་ཁག་ལ་སོ་སོར་བཀའ་དྲིན་ཞུ་བའི་དར་ཆ་བྱིན།
མང་ཚོགས་ཀྱི་ཁེ་ཕན་ནི་དོན་དག་ཆུང་ཆུང་ཞིག་མིན་ལ། སྡེ་དམངས་ཀྱི་དགོས་མཁོ་བསྐང་རྒྱུ་ནི་སྡེ་སྡོད་རོགས་སྐྱོར་བྱ་བའི་གཙོ་གནད་ཡིན། སྡེ་སྡོད་བྱ་བའི་རུ་ཁག་གི་ཁོངས་མི་ཙོའུ་ལིན་གྱིས་བསྟན་དོན། ཐེངས་འདིའི་འོས་འགན་སྨན་བཅོས་ཀྱིས་རྒྱ་ཆེའི་མང་ཚོགས་ཀྱི་ནད་བརྟག་སྨན་བཅོས་ཐད་སྟབས་བདེ་བསྐྲུན་པར་མ་ཟད། སྨན་བཅོས་ཁུར་བོ་ཇེ་ཡང་དུ་བཏང་ལ། མི་དམངས་དམག་གི་སྨན་པས་མི་དམངས་ཀྱི་ཆེད་དང་སྤྱི་ཚོགས་ལས་རིགས་སོ་སོའི་དར་སྤེལ་ལ་རོགས་འདེགས་བྱེད་པའི་འགན་འཁྲིའི་ཁག་ཁུར་མངོན་པར་བྱས་པ་དང་། དམག་གི་སྨན་པས་བདེ་ཐང་སྲུང་སྐྱོབ་བྱེད་པ་དང་དམག་དཔུང་དང་མི་དམངས་ཁྱིམ་ཚང་གཅིག་ཡིན་པའི་སྣང་ཚུལ་བཟང་བོ་བསྐྲུན། གོ་རིམ་རྗེས་མར། ང་ཚོས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་སྒྲུབ་བརྩོན་ལེན་བྱས་ཏེ་སྡེ་བར་སྡོད་པའི་སྐབས་སུ་སྡེ་དམངས་ཀྱི་ཆེད་དུ་དོན་དངོས་དང་དོན་བཟང་མང་པོ་ཧུར་ཐག་གིས་བསྒྲུབ་རྒྱུ་ཡིན་ཟེར།
ལྷ་མོ་ཚེ་རིང་གིས་བསྒྱུར།