བྱིས་པ་དྲ་རྒྱར་ཞུགས་དྲག་པའི་སྣང་ཚུལ་སྔོན་འགོག་བྱེད་ཐབས།
2025.03.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

དེང་སྐབས་བྱིས་པ་རྣམས་དབྱར་དགུན་གནང་གི་སྐབས་དང་ཡང་ན་གཟའ་མཇུག་གི་ངལ་གསོའི་ཉིན་གང་ཡིན་རུང་། དུས་ཚོད་མང་པོ་ཞིག་ལ་དྲ་རྒྱ་བཀོལ་སྤྱོད་བྱེད་བཞིན་ཡོད་དེ།  དཔེར་ན།   དྲ་རྒྱའི་ལམ་ནས་སློབ་སྦྱོང་བྱེད་པ་དང་ཁ་བརྡ་བྱེད་པ།  དྲ་རྒྱའི་རོལ་རྩེད་ལ་ཞུགས་པ།  བརྙན་གཟུགས་ལ་བལྟ་བ།   གླུ་དབྱངས་ལ་ཉན་པ།   སྒྲུང་གཏམ་ལ་ཉན་པ་སོགས་བྱེད་བཞིན་ཡོད།  བྱིས་པའི་ཀླད་པ་ད་རུང་འཚར་སྐྱེ་བྱུང་མེད་པར་མ་ཟད། རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་པའི་ནུས་པ་ཞན་པས།   ཡུན་རིང་ལ་དྲ་རྒྱ་བཀོལ་སྤྱོད་བྱེད་པའི་གནས་ཚུལ་ཧ་ཅང་ཚབས་ཆེ། བྱིས་པ་ལ་ལ་ཞིག་དགོང་མོ་དུས་ཡུན་རིང་བོར་དྲ་བར་ཞུགས་ནས་དུས་ལྟར་གཉིད་ཐུབ་ཀྱིན་མེད་པས་སློབ་སྦྱོང་ལ་བར་ཆད་བཟོ་བཞིན་ཡོད་པར་མ་ཟད།  སློབ་སྦྱོང་ལ་སུན་སྣང་སྐྱེས་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད།    གཤམ་ནས་བྱིས་པ་རྣམས་ཡུན་རིང་ལ་དྲ་བར་ཞུགས་པའི་སྣང་ཚུལ་སྔོན་འགོག་བྱེད་ཐབས་འགའ་ངོ་སྤྲོད་ཅིག་བྱེད།

ཐོག་མར་ཁྱིམ་བདག་རྣམས་ཀྱིས་རང་གི་བྱིས་པ་ཡུན་རིང་ལ་དྲ་རྒྱར་ཞུགས་པར་དགའ་བའི་རྒྱུ་མཚན་ཤེས་དགོས།

བྱིས་པ་རྣམས་ཡུན་རིང་ལ་དྲ་རྒྱར་ཞུགས་རྒྱུར་དགའ་བ་དེ་བྱིས་པ་རང་གི་རྒྱུ་རྐྱེན་ཡིན་པ་ལས་གཞན་ཁྱིམ་བདག་ལའང་འབྲེལ་བ་ཡོད་པ་རེད།   བྱིས་པ་རྣམས་དྲ་རྒྱར་ཞུགས་པར་དགའ་བའི་ཆེས་རྒྱུན་མཐོང་གི་རྒྱུ་རྐྱེན་འགའ།

གཅིག   བྱིས་པའི་སློབ་སྦྱོང་གི་གནོན་ཤུགས་ཆེ་བས།   རྒྱུན་པར་སེམས་འཚབ་པ་དང་ཡི་མུག་པ།  སློབ་ཁྲིད་ཀྱི་སྐབས་སུ་བློ་རྩེ་གཅིག་ལ་སྒྲིམ་མི་ཐུབ་པར་སློབ་སྦྱོང་གི་གྲུབ་འབྲས་ཇེ་ཞན་དུ་འགྱུར་བ། བྱ་བ་གང་ལའང་སྤྲོ་བ་མེད་པ།    སེམས་ཁམས་མི་སྐྱིད་པ་སོགས་ཀྱི་སྣང་ཚུལ་འབྱུང་བཞིན་ཡོད།  དེ་བས། ཁོ་ཚོས་དྲ་རྒྱར་ཞུགས་པའི་ཐབས་ལ་བརྟེན་ནས་གནོན་ཤུགས་སེལ་ཐབས་བྱེད་བཞིན་ཡོད་ལ།   ཐ་ན་དགོང་མོ་གཉིད་མི་ཁུགས་པའི་སྐབས་སུ་སློབ་སྦྱོང་བྱེད་འདོད་ཀྱང་སེམས་རྣལ་དུ་འབབ་མི་ཐུབ་པས་ལག་ཁྱེར་ཁ་པར་བཟུང་ནས་རྩེད་འཇོར་གཡེང་བ་རེད།

གཉིས།  དེང་སྐབས་ཁྱིམ་བདག་རྣམས་ཀྱིས་བྱིས་པར་སྲུང་སྐྱོབ་བྱེད་ཚད་མང་དྲག་པས།  བྱིས་པས་རང་ཉིད་ཀྱི་མ་འོངས་པའི་ཐད་འཆར་འགོད་ཅི་ཡང་བྱེད་ཤེས་ཀྱིན་མེད།    དེར་མ་ཟད།   རང་གཅུན་གྱི་འདུ་ཤེས་ཞན་པས།  བྱིས་པ་ལ་ལ་ཞིག་ལ་མཚོན་ན།  མ་གཞི་ནས་སློབ་སྦྱོང་གི་གྲུབ་འབྲས་བཟང་ཡང་།  གློག་རྡུལ་རོལ་རྩེད་ལ་དགའ་བའི་དབང་གིས་དེར་མགོ་འཁོར་ནས་རང་གིས་རང་ལ་ཚོད་འཛིན་བྱེད་ཐུབ་ཀྱིན་མེད།

དེ་མིན་བྱིས་པ་དྲ་རྒྱར་ཞུགས་པར་དགའ་དྲག་ན།  ཁྱིམ་བདག་རྣམས་ཀྱིས་ད་རུང་རང་སྟེང་ནས་རྒྱུ་རྐྱེན་བཙལ་དགོས།

གཅིག    ཁྱིམ་བདག་གིས་རང་དཔེ་གཞན་སྟོན་གྱི་ནུས་པ་མི་ཐོན་པར་བྱིས་པའི་སློབ་སྦྱོང་བྱེད་པའི་སྐབས་སུ་རང་གིས་ཁ་པར་ལས་བརྙན་གཟུགས་སོགས་ལ་བལྟ་བར་མ་ཟད།   དེ་ལྟར་གྲགས་འགུལ་མེད་པར་ཁ་པར་ལ་གཡེང་ན་བྱིས་པའི་སློབ་སྦྱོང་ལ་ཤུགས་རྐྱེན་མེད་པར་འདོད་པ།

གཉིས།  ཁྱིམ་བདག་གིས་བྱིས་པ་དང་འབྲེལ་འདྲིས་བྱེད་ཚད་མི་འདང་བ།   ཁྱིམ་བདག་གིས་བྱིས་པའི་ཉིན་རྒྱུན་གྱི་འཚོ་བ་དང་སློབ་སྦྱོང་གི་གྲུབ་འབྲས་ལ་ཁ་ཡ་བྱེད་པ་མ་གཏོགས།   བྱིས་པས་ཅི་ཞིག་ལ་བསམ་བློ་གཏོང་བཞིན་པ་དང་ཅི་ཞིག་འདོད་ཀྱིན་པའི་ཐད་ཁ་ཡ་མི་བྱེད་པས།    བྱིས་པར་གནོན་ཤུགས་ཆེ་བ་དང་ཐ་ན་སེམས་ཁམས་ཀྱི་གནད་དོན་བྱུང་ནའང་ཁྱིམ་བདག་གིས་དུས་ཐོག་ཏུ་ཤེས་རྟོགས་བྱེད་ཐུབ་ཀྱིན་མེད།

གསུམ།   ཁྱིམ་བདག་ལ་ལས་རང་ཉིད་ཀྱི་ཆ་འཕྲིན་ལ་དོ་དམ་བྱས་པ་མི་འདང་བ།   མིག་སྔར་དྲ་རྒྱའི་རོལ་རྩེད་སྟེགས་བུ་འགའ་རེར་ནར་མ་སོན་པའི་བྱིས་པ་རོལ་རྩེད་ལ་རོལ་བའི་དུས་ཡུན་ཚད་བཀག་བྱས་ཡོད།  ཡིན་ཡང་ཁྱིམ་བདག་ལ་ལས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་ཆ་འཕྲིན་ལ་དོ་དམ་བྱས་པ་མི་འདང་བས།  བྱིས་པས་ཕ་མའི་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་སྐད་འཕྲིན་ཨང་གྲངས་སོགས་སྤྱད་ནས་རོལ་རྩེད་ལ་ཞུགས་བཞིན་ཡོད།

བྱིས་པ་རྣམས་ཡུན་རིང་ལ་དྲ་བར་ཞུགས་པའི་སྣང་ཚུལ་སྔོན་འགོག་བྱེད་ཐབས།

བྱིས་པ་དྲ་རྒྱར་ཞུགས་ཚད་མང་དྲག་པའི་སྐབས་སུ། ཁྱིམ་བདག་གིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ཆོག

གཅིག  རང་ཉིད་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱས་ནས་བྱིས་པའི་སློབ་སྦྱོང་བྱེད་པའི་སྐབས་སུ་ཁྱིམ་བདག་གིས་ཀྱང་ཁ་པར་ལ་མི་བལྟ་བར་བྱ་བ་སྒྲུབ་པའམ་ཡང་ན་སློབ་སྦྱོང་བྱས་ཏེ་བྱིས་པར་སློབ་སྦྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན་དགོས།   བྱིས་པར་དྲ་རྒྱ་ལས་གཞན་པའི་གནོན་ཤུགས་སེལ་ཐབས་མང་པོ་ཤེས་སུ་འཇུག་དགོས།   ད་རུང་རྒྱུན་པར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་སོགས་ལ་དོ་དམ་བཟང་བོ་བྱེད་དགོས།

གཉིས།      དྲ་རྒྱ་ནི་དེང་རབས་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་པས།  ཁྱིམ་བདག་གིས་བྱིས་པ་རྣམས་ལ་དྲ་རྒྱར་ཞུགས་པའི་དུས་ཚོད་ལ་ཚོད་འཛིན་བྱས་ནས་སློབ་སྦྱོང་དང་རོལ་རྩེད་ཟུང་འབྲེལ་བྱེད་དགོས་པ་ཤེས་སུ་འཇུག་དགོས་ལ།  བྱིས་པ་ཆུང་དུས་ནས་ཁ་དན་ཚིག་གནས་དང་དུས་ཚོད་ཀྱི་འདུ་ཤེས་ཡོད་པའི་མི་ཞིག་ཏུ་སྐྱེད་སྲིང་བྱེད་དགོས།

གསུམ།    ཁྱིམ་བདག་གིས་རྒྱུན་པར་བྱིས་པ་དང་ཁ་བརྡ་མང་པོ་བྱས་ནས་བྱིས་པའི་སེམས་ཁམས་ཀྱི་འགྱུར་བར་ཤེས་རྟོགས་བྱེད་པ་དང་།  ལྷག་པར་དུ་བྱིས་པའི་རང་འགུལ་གྱིས་རང་ཉིད་ཀྱི་སེམས་ཁམས་མི་སྐྱིད་པ་དང་དགོང་མོ་གཉིད་ལོག་པ་མི་བཟང་བའི་གནས་ཚུལ་བཤད་པའི་སྐབས་སུ་དེར་མཐོང་ཆེན་བྱེད་དགོས་པར་མ་ཟད།   བྱེ་བྲག་གི་རྒྱུ་རྐྱེན་བཙལ་ནས་བྱིས་པའི་སེམས་ཁམས་མི་སྐྱིད་པའི་གནས་ཚུལ་སེལ་ཐབས་བྱེད་དགོས་པ་དང་།   གལ་ཏེ་སེམས་ཁམས་མི་སྐྱིད་པའི་སྣང་ཚུལ་ཇེ་ལེགས་སུ་གཏོང་མ་ཐུབ་ཚེ་དུས་ཐོག་ཏུ་སྨན་པར་སྟོན་དགོས།


གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།