གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་བཏོན་རྗེས་ཀྱི་ཁྲག་ཤོར་བའི་རྒྱུ་རྐྱེན་དང་གསོ་བཅོས་བྱེད་ཐབས།
2025.03.24 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

ཉེ་བའི་ཚུན་ལ།   གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་འདོན་པའི་བྱེད་ཐབས་ལ་སྦྲུམ་མ་ཚོས་དགའ་བསུ་བྱེད་བཞིན་ཡོད་ལ།   སྨན་ཁང་གི་བྱིས་པ་མངལ་ནས་འདོན་པའི་གཤགས་བཅོས་ཀྱི་ཚད་ཀྱང་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད།   ང་ཚོས་བྱིས་པ་བཙའ་སྟངས་དེའི་བཟང་ཆར་ཡིད་འཇོག་བྱེད་པའི་ཞོར་དུ་ཞན་ཆར་ཡང་དོ་སྣང་བྱས་ན་འགྲིག  གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་བཏོན་རྗེས་འགོད་མཆེད་ནད་འབྱུང་བ་ནི་བྱིས་པ་བཙའ་ཐབས་དེའི་ཞན་ཆ་གཙོ་བོ་ཞིག་ཡིན་པ་དང་།   རྒྱུན་མཐོང་གི་འགོད་མཆེད་ནད་ནི་བཙས་གཞུག་ཏུ་ཁྲག་ཤོར་བ་དང་གཤགས་བཅོས་བྱས་རྗེས་རེད་པ་འབྱུང་བ་སོགས་ཡོད།

གཤམ་ནས་གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་བཏོན་རྗེས་ཁྲག་ཤོར་བའི་རྒྱུ་རྐྱེན་དང་གསོ་བཅོས་བྱེད་ཐབས་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་བྱེད།

བྱིས་པ་མངལ་ནས་བཏོན་རྗེས་ཁྲག་ཤོར་བ་ནི་གཤགས་བཅོས་བྱས་རྗེས་ཀྱི་འགོས་མཆེད་ནད་ཚབས་ཆེན་ཞིག་ཡིན་ལ། བྱུང་ཚད་ཀྱང་སྐྱེ་ལམ་ནས་བཙས་པ་དང་བསྡུར་ན་ཅུང་མང་།    གལ་ཏེ་དུས་ཐོག་ཏུ་སྨན་བཅོས་མ་བྱས་ཚེ་སྦྲུམ་མའི་ལུས་ཕུང་བདེ་ཐང་ལ་གནོད་པར་མ་ཟད།   ཚབས་ཆེ་ན་བཙས་གཞུག་ཏུ་ཚེ་སྲོག་ཤོར་ཡང་སྲིད་པས།  ངེས་པར་དུ་མཐོང་ཆེན་བྱེད་དགོས།

མངལ་ནས་བཏོན་རྗེས་ཁྲག་ཤོར་བའི་རིགས་ལ་དུས་ཚོད་ཀྱི་དབང་གིས་སྔ་མོར་ཁྲག་ཤོར་བ་དང་གཞུག་ནས་ཁྲག་ཤོར་བ་གཉིས་ཡོད།  དེའི་ནང་གི་སྔ་མོར་ཁྲག་ཤོར་བ་ནི་གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་བཏོན་རྗེས་ཀྱི་དུས་ཚོད་ཉེར་བཞིའི་ནང་སྐྱེ་ལམ་ནས་ཁྲག་ཤོར་ཚད་ཧའོ་ཧྲེང500ལས་མང་ལ་གོ       གཞུག་ནས་ཁྲག་ཤོར་བ་ནི་གཤགས་བཅོས་བྱས་ཏེ་བྱིས་པ་མངལ་ནས་བཏོན་རྗེས་ཀྱི་དུས་ཚོད་ཉེར་བཞིའི་རྗེས་དང་བང་ནང་གི་ཉིན་ཞེ་གཉིས་ནང་བསྟུད་མར་དང་ཡང་ན་འབུད་ཐེངས་གཅིག་གིས་སྐྱེ་ལམ་ནས་ཁྲག་མང་པོ་འབུད་པ་ལ་གོ

མངལ་ནས་བཏོན་རྗེས་ཀྱི་ཁྲག་ཤོར་བའི་རྒྱུ་རྐྱེན་གྱི་སྐོར།

མངལ་ནས་བཏོན་རྗེས་ཀྱི་ཁྲག་ཤོར་བའི་རྒྱུ་རྐྱེན་ལ་བུ་སྣོད་བསྐུམ་ཤེད་མེད་པ་དང་བཙའ་ཡུན་མཚམས་བཞག་ནས་མངལ་ནས་འདོན་པའི་བཤགས་བཅོས་བྱས་པ།    གཤགས་བཅོས་མ་བྱས་གོང་ལ་བུ་སྣོད་བསྐུམ་ཚད་འགོག་པའི་སྨན་བསྟེན་མྱོང་བ། བུ་རོགས་དང་སྦྲུམ་སྐྱིའི་ཟུར་སྣེ་ལུས་པ།  རེད་པ་བྱུང་བ།  བུ་རོགས་སྔོན་བཤུས།  བུ་སྣོད་འཚར་སྐྱེ་ཞན་པ་སོགས་ཡོད།

མངལ་ནས་བཏོན་རྗེས་ཀྱི་ཁྲག་ཤོར་བ་ཇི་ལྟར་གསོ་དགོས།

ཐོག་མར་རྒྱུ་རྐྱེན་བཙལ་ནས་ཁྲག་རྩ་བ་ནས་གཅོད་པ་དང་ཁྲག་ཁ་གསབ་བྱེད་དགོས།   བུ་སྣོད་བསྐུམ་ཤུགས་མེད་པ་ལས་བསྐྱེད་པའི་ཁྲག་ཤོར་བ་ལ་དོགས་པ་ཡོད་ཚེ་བུ་སྣོད་མཉེད་འཕུར་བྱེད་པ་དང་བུ་སྣོད་བསྐུམ་བྱེད་ཀྱི་སྨན་བསྟེན་དགོས།   གལ་ཏེ་བུ་རོགས་དང་སྦྲུམ་སྐྱིའི་ཟུར་སྣེ་ལུས་པ་ལས་བསྐྱེད་པའི་ཁྲག་ཤོར་བར་དོགས་ཚེ་མྱུར་དུbཁྲའོ་བརྟག་དཔྱད་བྱེད་ཞོར་དུ་བུ་སྣོད་གཙང་བཀྲུའི་གཤགས་བཅོས་བྱེད་དགོས།   དེར་མ་ཟད།  ཁྲག་ཤོར་བ་ཉུང་ན་སྲིན་འགོག་རྒྱུ་དང་བུ་སྣོད་བསྐུམ་སྨན་བཀོལ་ཆོག     ཁྲག་ཤོར་བ་མང་ན་སྨན་ཁང་དུ་བསྡད་ནས་གསོ་བཅོས་བྱེད་དགོས།    སྨན་ཁང་དུ་འགྲོ་སྐབས།  རབ་ཡིན་ན་རང་གི་བྱིས་པ་བཙའ་སའི་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་ན་བཟང་བ་ཡིན།  རྒྱུ་མཚན་ནི་རང་གི་བྱིས་པ་བཙའ་སའི་སྨན་ཁང་སྦྲུམ་མའི་ནད་གཞི་ལ་ཆ་རྒྱུས་ཡོད་པས། གསོ་བཅོས་བྱེད་ཐབས་ལ་ཁ་གཏད་རང་བཞིན་ལྡན་པར་མ་ཟད།   མྱུར་ཞིང་ཕན་ཐོགས་ཆེ་བ་ཡིན།

བྱིས་པ་མངལ་ནས་བཏོན་རྗེས་ཁྲག་ཤོར་བ་སྔོན་འགོག་བྱེད་ཐབས།

བྱིས་པ་མངལ་ནས་བཏོན་རྗེས་ཀྱི་བང་ནང་གི་འཕྲོད་བསྟེན་བདེ་སྲུང་ལ་ཤུགས་བསྣན་ནས་རེད་པ་འབྱུང་བ་སྔོན་འགོག་བྱེད་དགོས་ལ། གལ་ཏེ་སྐྱེ་ལམ་ནས་རྒྱུན་ལྡན་མིན་པའི་ཁྲག་བུད་ཚེ་མྱུར་དུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་གསོ་བཅོས་བྱེད་དགོས།

སྨན་པས་གཤགས་བཅོས་མ་བྱས་སྔོན་ལ་བུ་སྣོད་ཀྱི་གཤགས་ཁའི་གནས་འདེམས་པ་དང་རྨ་ཁ་བཙེམ་པ་སོགས་ལ་བཀོད་སྒྲིག་བཟང་བོ་བྱེད་དགོས།    དེ་མིན་བྱིས་པ་བཙས་བའི་རྗེས་སུ་མྱུར་དུ་བུ་སྣོད་བསྐུམ་བྱེད་ཀྱི་སྨན་ཁབ་རྒྱག་དགོས་པ་དང་།   གལ་ཏེ་དགོས་ངེས་བྱུང་ཚེ་རྩ་ལམ་དུ་བུ་སྣོད་བསྐུམ་བྱེད་ཀྱི་སྨན་བཀོལ་ནས་བུ་སྣོད་བསྐུམ་དུ་བཅུག་སྟེ་གཤགས་བཅོས་བྱས་རྗེས་ཁྲག་ཤོར་ཇེ་ཉུང་དུ་གཏོང་དགོས།

གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།