བྱིས་པ་མངལ་ནས་འདོན་པའི་གཤགས་བཅོས་བྱས་རྗེས་རེད་པ་འབྱུང་བའི་སྔོན་རྟགས།
གཅིག ཚ་རྒྱག་པ། བྱིས་པ་མངལ་ནས་བཏོན་རྗེས་བང་མའི་ལུས་དྲོད་སྤྱིར་བཏང་དུ་ཏུའུ་སོ་བརྒྱད་ལས་བརྒལ་ན་གཤགས་བཅོས་བྱས་རྗེས་སུ་རེད་པ་ཡོད་མེད་དང་ཡང་ན་གཤགས་བཅོས་ལས་བྱུང་བ་མིན་པའི་རེད་པ་གཞན་དག་ཡོད་མེད་ལ་དོགས་ཟོན་བྱེད་དགོས། དཔེར་ན། ནུ་མ་སྐྲངས་པ་སོགས་ནུ་མའི་གཤེར་རྨེན་ཚ་ནད་དང་། གཅིན་སྙི་དང་གཅིན་གཟེར། གཅིན་འཚུབ་སོགས་གཅིན་ལམ་རེད་པ་ཡོད་མེད། ཆམ་ནད་བྱུང་ནས་མགོ་ན་བ་དང་མིད་པ་ན་བ་སོགས་དབུགས་ལམ་རེད་པ་ཡོད་མེད་ལ་བརྟག་དགོས། གལ་ཏེ་གོང་གི་རྒྱུན་མཐོང་གི་གཤགས་བཅོས་རྗེས་ཀྱི་རེད་པ་མིན་པའི་རེད་པ་གཞན་དག་ཕུད་རྗེས་བང་མར་ཚ་རྒྱག་པ་ནི་རྨ་ཁ་རེད་པ་དང་ཡང་ན་སྐྱེ་ལམ་རེད་པར་འབྲེལ་བ་ཡོད་མེད་ལ་བསམ་བློ་གཏོང་དགོས།
གཉིས། རྨ་ཁ་ན་ཟུག་ལངས་པ་རྒྱུན་འགལ་ཡིན་པ། བྱིས་པ་མངལ་ནས་འདོན་པའི་གཤགས་བཅོས་བྱས་རྗེས་སུ་བང་མའི་རྨ་ཁར་ན་ཟུག་ལངས་པ་ནི་རྒྱུན་ལྡན་དུ་སྣང་མོད། ཡིན་ཡང་ན་ཟུག་ལངས་ཚད་དེ་རང་གིས་བསྲན་ཐུབ་ཚད་ལ་འབྲེལ་བ་ཡོད། སྤྱིར་བཏང་དུ་གཤགས་བཅོས་བྱས་ནས་དུས་ཚོད་ཉེར་བཞི་འགོར་རྗེས། རྨ་ཁའི་ན་ཟུག་རིམ་གྱིས་ཇེ་ཡང་དུ་འགྲོ་ལ་བང་མ་ཉལ་ཁྲིའི་སྟེང་དུ་ཁ་ལོ་འཁོར་བ་དང་སར་བབས་ནས་འགུལ་སྐྱོད་བྱས་ཆོག གཤགས་བཅོས་བྱས་རྗེས་ཀྱི་ཉིན་གཉིས་ནས་གསུམ་གྱི་རྗེས་སུ་རྨ་ཁའི་ན་ཟུག་ཇེ་ཆེར་འགྲོ་བ་དང་རྨ་ཁའི་མདོག་དམར་པོ་གྱུར་ནས་སྐྲངས་པ། ཡང་ན་རྣག་ཁུ་རང་བཞིན་གྱི་ཟགས་རྫས་ཡོད་ཚེ་རྨ་ཁར་རེད་པ་བྱུང་ཡོད་མེད་ལ་བརྟག་དགོས།
གསུམ། སྙིགས་ཁུ་འབུད་པ་རྒྱུན་འགལ་ཡིན་པ། བྱིས་པ་བཙས་པའི་རྗེས་ཀྱི་བདུན་ཕྲག་བཞི་ནས་དྲུག་གི་བར་ལ་སྙིགས་ཁུ་འབབ་པ་དང་། ཁྲག་རང་བཞིན་གྱི་སྙིགས་ཁུ་འབབ་པ་ནས་འབག་ཁུ་རང་བཞིན་གྱི་སྙིགས་ཁུ་ལ་འགྱུར་བ། དེ་ནས་མདོག་དཀར་པོའི་སྙིགས་ཁུ་ལ་འགྱུར་བའི་གོ་རིམ་ཞིག་ཡོད། རྒྱུན་ལྡན་གྱི་སྙིགས་ཁུ་ལ་དྲི་ངན་མི་བྲོ། གལ་ཏེ་མངལ་ནས་འདོན་པའི་གཤགས་བཅོས་བྱས་རྗེས་བང་མའི་སྙིགས་ཁུ་འབབ་ཡུན་རིང་བ་དང་སྙིགས་ཁུའི་མདོག་དྭངས་མོ་མིན་པ། དྲི་ངན་བྲོ་བ། ད་རུང་ཚ་རྒྱག་པ་དང་མངལ་ཞབས་དང་གསུས་འོག་མནན་ཚེ་ན་ཟུག་ལངས་པ་སོགས་ཀྱི་གནས་ཚུལ་ཡོད་ཚེ་བུ་སྣོད་ནང་སྐྱིའི་ཚ་ནད་དང་བུ་སྣོད་ཤའི་ཚ་ནད། ཡང་ན་ཚང་ཁོག་ཚ་ནད་སོགས་བྱུང་ཡོད་མེད་ལ་བསམ་བློ་གཏོང་དགོས།
བཞི། བུ་སྣོད་མལ་གཞུགས་མི་ལེགས་པ། བྱིས་པ་བཙས་རྗེས་བུ་སྣོད་ཀྱི་བོངས་ཚད་རིམ་གྱིས་ཇེ་ཆུང་དུ་སོང་སྟེ་རྒྱུན་ལྡན་དུ་འགྲོ་རག་བར་ལ་བུ་སྣོད་མལ་བཞུགས་ཟེར་བ་ཡིན། རྒྱུན་ལྡན་དུ་བྱིས་པ་བཙས་རྗེས་ཀྱི་ཉིན་དང་པོར་མངལ་ཞབས་ནི་ལྟེ་བ་དང་མཉམ་དུ་ཡོད་ལ། རྗེས་སུ་ཉིན་རེར་ཆ་སྙོམས་ཀྱིས་ལི་སྨི་གཅིག་ཡས་མས་མར་འབབ་ཀྱིན་ཡོད། རེག་ན་བུ་སྣོད་ཅུང་སྲ་མོ་ཡིན་ཞིང་མནན་ཚེ་ན་ཟུག་མེད། མཚམས་ལ་ལར་བུ་སྣོད་གློ་བུར་དུ་བསྐུམ་ནས་བང་མ་ལ་ལར་ན་ཟུག་ལངས་པའང་ཡོད། གལ་ཏེ་བྱིས་པ་མངལ་ནས་བཏོན་རྗེས་མངལ་ཞབས་མར་འབབ་པ་ཅུང་དལ་བ་དང་མནན་ཚེ་ན་ཟུག་ལངས་པ། དེ་མིན་སྙིགས་ཁུ་ཇེ་མང་དུ་འགྲོ་བ་དང་དྲི་ངན་བྲོ་ཚེ་མྱུར་དུ་སྨན་ཁང་དུ་སོང་ནས་སྐྱེ་ལམ་རེད་པ་བྱུང་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས།
བྱིས་པ་མངལ་ནས་འདོན་པའི་གཤགས་བཅོས་བྱས་རྗེས་སུ་རེད་པ་འབྱུང་སླ་བའི་རྒྱུ་རྐྱེན།
བྱིས་པ་མངལ་ནས་འདོན་པའི་གཤགས་བཅོས་བྱས་རྗེས་རེད་པ་འབྱུང་བ་ནི་ནད་སྲིན་ཐབས་ལམ་སྣ་ཚོགས་བརྒྱུད་ནས་རྨ་ཁ་དང་བུ་རོགས་བཤུགས་པའི་ངོས་ལ་ཞུགས་ནས་སྐྱེ་དབང་དང་ལུས་ཡོངས་ལ་ཚ་ནད་བསྐྱེད་པ་རེད། རེད་པ་འབྱུང་བའི་རྒྱུ་རྐྱེན་ཕྱོགས་མང་པོ་འབྲེལ་བ་ཡོད་ལ། རྒྱུ་རྐྱེན་གཙོ་བོ་ཞིག་ནི་བྱིས་པ་མངལ་ནས་བཏོན་རྗེས་བང་མའི་ནད་འགོག་བྱེད་ནུས་ཇེ་ཞན་དུ་སོང་ཡོད་པ་དེ་རེད།
མངལ་ནས་བཏོན་རྗེས་ཀྱི་རེད་པ་སྔོན་འགོག་བྱེད་ཐབས།
གཅིག ལུས་པོའི་ནད་འགོག་ནུས་པ་ཇེ་བཟང་དུ་བཏང་ནས་ཟས་བཅུད་ཅན་བསྟེན་པ་དང་ཁྲག་ཞན་སྔོན་འགོག རང་ཉིད་ཀྱི་གཙང་སྦྲར་མཉམ་འཇོག་སོགས་བྱེད་དགོས།
གཉིས། ལུས་སྟེང་གི་གནས་གང་དུ་བྱུང་བའི་རེད་པ་གང་ཡིན་རུང་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ལ། ལྷག་པར་དུ་སྐྱེ་ལམ་ཚ་ནད་དང་མངལ་སྐེའི་ཚ་ནད་མྱུར་དུ་གསོ་བཅོས་བྱེད་དགོས། བྱིས་པ་བཙའ་རན་ཁའི་ཟླ་སྔོན་མ་གཉིས་ཀྱི་ནང་ཁྲུས་གཞོང་དུ་ལུས་བཀྲུ་མི་རུང་།
གསུམ། བང་ནང་དུ་སྡོད་སྐབས་མཚན་ཕྱི་གཙང་མ་བྱེད་དགོས་ལ། ཤོག་གདན་གཙང་མ་འཇོག་པ་དང་རྐང་ཐུང་རྒྱུན་དུ་བརྗེ་དགོས། དེ་མིན་གཅིན་འདྲེན་སྦུ་གུ་བླངས་རྗེས་སར་བབས་ནས་འགུལ་སྐྱོད་བྱེད་དགོས།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།