གཅིན་སྙི་ཟ་ཁུའི་ནད་པས་ཁྲག་གི་མངར་ཆ་དམའ་བར་སྣང་མེད་བྱ་མི་རུང་།
2025.04.07 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

གཅིན་སྙི་ཟ་ཁུའི་ནད་པར་མཚོན་ན། རང་ཉིད་ཀྱི་བདེ་ཐང་དོ་དམ་ནི་གཅིན་སྙི་ཟ་ཁུའི་ནད་སྨན་བཅོས་ཁྲོད་ཧ་ཅང་གལ་ཆེན་ཞིག་ཡིན།     གཅིན་སྙི་ཟ་ཁུའི་ནད་པ་མང་ཆེ་བས་དུས་རྒྱུན་གྱི་འཚོ་བའི་ཁྲོད་མངར་ཆར་འཛེམ་པ་སོགས་རང་ཉིད་ཀྱི་ཟས་སྤྱོད་ལ་མཉམ་འཇོག་བྱེད་བཞིན་ཡོད།   ཡིན་ཡང་གཅིན་སྙི་ཟ་ཁུའི་ནད་པས་སྨན་བཅོས་ཀྱི་གོ་རིམ་ཁྲོད་དུ་རང་ཉིད་ཀྱི་ཟས་སྤྱོད་ལ་དོ་སྣང་བྱེད་དགོས་པ་ལས་གཞན་ད་རུང་ཁྲག་གི་མངར་ཆ་དམའ་བའི་ནད་ལའང་དོ་སྣང་བྱེད་དགོས།   ནད་ཡུན་ཐུང་བའི་ནད་པ་ཁ་ཤས་ཀྱིས་ཁྲག་གི་མངར་ཆ་དམའ་བའི་ནད་ཤེས་ཀྱིན་མེད་པའམ་ཡང་ན་དེར་དོ་སྣང་བྱེད་བཞིན་མེད། ཡང་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་ཚབས་ཆེན་བྱུང་མྱོང་བའི་ནད་པ་ཁ་ཤས་ཀྱིས་དེར་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། གཤམ་ནས་ཁྲག་གི་མངར་ཆ་དམའ་བའི་ནད་ཀྱི་འབྱུང་རྐྱེན་དང་སྔོན་འགོག་བྱེད་ཐབས་སྐོར་ངོ་སྤྲོད་ཅིག་བྱེད།

ཁྲག་གི་མངར་ཆ་དམའ་བའི་ནད་རྟགས།

ཁྲག་གི་མངར་ཆ་དམའ་བ་ནི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཁྲག་ནང་གི་རྒུན་འབྲུམ་གྱི་མངར་ཆའི་ཆུ་ཚད་དམའ་བ་ལ་གོ   གཅིན་སྙི་ཟ་ཁུའི་ནད་མེད་པའི་མིར་མཚོན་ན།   ཁྲག་གི་མངར་ཆ་ཧྲིན་རེར་ཧའོ་མོ་ཨར2.8ལས་དམའ་ན་ཁྲག་གི་མངར་ཆ་དམའ་བ་ཡིན།   ཡང་གཅིན་སྙི་ཟ་ཁུའི་ནད་པར་མཚོན་ན་ཁྲག་གི་མངར་ཆ་ཧྲིན་རེར་ཧའོ་མོ་ཨར་3.9དང་འདྲ་བའམ་དེ་ལས་དམའ་ན་ཁྲག་གི་མངར་ཆ་དམའ་བ་ཡིན།

རྔུལ་ཆུ་བཞུར་བ་དང་འདར་བ།   ལྟོགས་པ་དང་ཡི་མུག་པའི་ཚོར་བ་འབྱུང་སྐབས་ཁྲག་གི་མངར་ཆ་དམའ་བའི་ནད་ཡོད་ཀྱང་སྲིད།   ཁྲག་གི་མངར་ཆ་དམའ་བའི་ནད་ལ་ནད་རྟགས་སྣ་མང་ཡོད་དེ། མི་རེ་རེར་མི་འདྲ་བ་ཡིན།    གོང་གི་དཔེར་མཚོན་རང་བཞིན་གྱི་ནད་རྟགས་ལས་གཞན།  ད་རུང་མགོ་ཡུ་འཁོར་བ་དང་ཤུགས་མེད་པ།   སེམས་འཚབ་པ།    སུན་སྣང་སྐྱེ་བ་སོགས་ཀྱི་ནད་རྟགས་ཀྱང་འབྱུང་སྲིད།  གལ་ཏེ་གོང་གི་སྔོན་བརྡའི་ནད་རྟགས་ལ་དོ་སྣང་མ་བྱས་ཚེ།   མིག་རབ་རུབ་ཏུ་འགྱུར་བ་དང་དྲན་པ་མི་གསལ་བ།   རྩ་འཁུམ།   དྲན་པ་ཤོར་བ་སོགས་ཀྱི་ནད་རྟགས་ལྕི་མོ་འབྱུང་སྲིད།   ཡང་ཁྲག་གི་མངར་ཆ་དམའ་བའི་ནད་ཀྱི་སྔ་དུས་དང་ཡང་ན་ནད་ཚབས་ཆེན་མིན་པའི་གནས་ཚུལ་འོག་ཏུ་ནད་པ་ལ་ལར་ནད་རྟགས་མེད་པའང་ཡོད།   ནད་རྟགས་མེད་པའི་ཁྲག་གི་མངར་ཆ་དམའ་བའི་ནད་དེའི་རིགས་གཅིན་སྙི་ཟ་ཁུའི་ནད་ཀྱི་ནད་ཡུན་ཅུང་རིང་བ་དང་དུས་རྒྱུན་ཁྲག་གི་མངར་ཆར་ཚོད་འཛིན་ནན་མོ་བྱེད་པ། རྒྱུན་པར་ཆང་འཐུང་བའི་ནད་པའི་ཁྲོད་འབྱུང་བ་ཅུང་མང་།

ཁྲག་གི་མངར་ཆ་དམའ་བའི་ནད་ཀྱིས་རྒན་པའི་གླེན་ནད་དང་སྙིང་ཁམས་ཁྲག་རྩའི་ནད།  རུས་ཆག་སོགས་ཀྱི་ནད་འབྱུང་བའི་ཉེན་ཁའང་ཆེ་རུ་གཏོང་སྲིད།  དེ་བས།  ང་ཚོས་ཁྲག་གི་མངར་ཆ་དམའ་བའི་ནད་ཀྱི་ངོས་ཟིན་ཇེ་མཐོར་བཏང་ནས་ཁྲག་གི་མངར་ཆ་དམའ་བའི་ནད་འབྱུང་བར་སྔོན་འགོག་བཟང་བོ་བྱེད་དགོས།

ཁྲག་གི་མངར་ཆ་དམའ་བའི་ནད་ཀྱི་འབྱུང་རྐྱེན།

གཅིག   བཟའ་བཏུང་གོམས་གཤིས་ཀྱི་འགྱུར་ལྡོག   ཟས་ཀྱི་ཡི་ག་མི་བཟང་བས་ཟས་ཟ་ཚད་ཉུང་བ་དང་།  ཡང་ན་བྱ་བ་སོགས་ཀྱི་དབང་གིས་ཟ་མ་དུས་ལྟར་བཟའ་མི་ཐུབ་པ་ལས་ཁྲག་གི་མངར་ཆ་དམའ་བའི་ནད་འབྱུང་སྲིད།

གཉིས།   འགུལ་སྐྱོད་ཆོས་ཉིད་ཀྱི་འགྱུར་ལྡོག  གྲ་སྒྲིག་ལེགས་པོ་མ་བྱས་པའི་གནས་ཚུལ་འོག  གློ་བུར་དུ་འགུལ་སྐྱོད་བྱེད་ཚད་ཇེ་དྲག་ཏུ་བཏང་ན།   ནུས་ཚད་ཟན་གྲོན་ཇེ་མང་དུ་སོང་ནས་ཁྲག་གི་མངར་ཆ་དམའ་བའི་ནད་འབྱུང་སྲིད།

གསུམ།    དུས་རྒྱུན་ཆང་མང་པོ་འཐུང་ནའང་ཁྲག་གི་མངར་ཆ་དམའ་བའི་ནད་འབྱུང་སྲིད་པ་དང་།  རྒྱུ་རྐྱེན་དེ་དུས་རྒྱུན་ང་ཚོས་སྣང་མེད་དུ་འཇོག་སླ།

བཞི།    ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་སྨན་བཀོལ་སྟངས་འོས་འཚམ་མིན་ན་ཡང་ཁྲག་གི་མངར་ཆ་དམའ་བའི་ནད་འབྱུང་སྲིད།  དེའི་ནང་ཤན་གླིང་རྒྱུ་བཀོལ་སྟངས་འོས་འཚམ་མིན་པའི་གནས་ཚུལ་འབྱུང་བ་ཅུང་མང་།  ཤན་གླིང་རྒྱུ་ལ་རིགས་མང་པོ་ཡོད་པས།  ཁབ་རྒྱག་པའི་དུས་ཚོད་དང་སྡེབ་སྒྲིག་བྱེད་སྟངས།   ཕན་ནུས་སོགས་མི་འདྲ་བས།   གཅིན་སྙི་ཟ་ཁུའི་ནད་པས་སྨན་པར་མ་དྲིས་པར་རང་འདོད་ལྟར་ཤན་གླིང་རྒྱུ་ཡི་རིགས་བརྗེ་མི་རུང་།   གང་འདོད་ལྟར་ཤན་གླིང་རྒྱུ་ཡི་རིགས་བརྗེས་ན་ཁྲག་གི་མངར་ཆ་དམའ་བའི་ནད་འབྱུང་སྲིད།  གལ་ཏེ་ནད་པས་ཤན་གླིང་རྒྱུ་ཡི་རིགས་བརྗེ་འདོད་ན་ཆེད་ལས་སྨན་པའི་མཛུབ་སྟོན་ལྟར་སྨན་སྣ་བརྗེ་དགོས།

དེ་མིན།   ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་སྨན་རྫས་ཁྲོད་ཀྱི་ཧྥོན་གཅིན་རྒྱུ་རིགས་ཀྱི་སྨན་རྫས་སོགས་ཀྱིས་རང་སྟེང་གི་ཤན་གླིང་རྒྱུའི་ཟགས་ཐོན་ལ་སྐུལ་འདེད་བཏང་སྟེ་ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་ནུས་པ་ཐོན་ཐུབ་པས། བསྟེན་ཚད་ཚད་ལྡན་མིན་ན་ཁྲག་གི་མངར་ཆ་དམའ་བའི་ནད་ཚབས་ཆེན་འབྱུང་སྲིད།   དེར་མ་ཟད།  ཁྲག་གི་མངར་ཆ་དམའ་བའི་ནད་ཀྱི་འབྱུང་རྐྱེན་གཞན་དང་བསྡུར་ན།  དེ་ལས་བསྐྱེད་པའི་ཁྲག་མངར་ཆ་དམའ་བའི་ནད་ཀྱི་ན་ཡུན་རིང་ཞིང་བཅོས་དཀའ་བ་ཡིན། ལྷག་པར་དུ་རྒན་པ་དང་མཁའ་མའི་ནུས་པ་ཞན་པའི་མི་ཚོགས་ཀྱིས་དེར་དོ་སྣང་བྱེད་དགོས་པ་དང་།   རང་འདོད་ལྟར་ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་སྨན་རྫས་ཁ་སྣོན་བྱེད་མི་རུང་།

ཁྲག་མངར་ཆ་དམའ་བའི་ནད་བྱུང་ན་ཇི་ལྟར་བྱ་དགོས།

གཅིག   རང་ཁྱིམ་དང་སྨན་ཁང་ནང་གང་ཡིན་ཡང་།   མཛུབ་རྩེའི་ཁྲག་གི་མངར་ཆ་འཇལ་ནས་ཁྲག་གི་མངར་ཆ་དམའ་བའི་ནད་ཡོད་མེད་དང་ཁྲག་གི་མངར་ཆ་དམའ་བའི་ཚད་ཅི་འདྲ་ཡིན་པ་གཏན་འཁེལ་གསལ་བོ་བྱེད་དགོས།   གལ་ཏེ་ཁྲག་གི་མངར་ཆ་ཧྲིན་རེར་ཧོ་མའོ་ཨར3.9དང་འདྲ་བའམ་ཡང་ན་དེ་ལས་དམའ་ན།   རྒུན་འབྲུམ་གྱི་མངར་ཆའམ་ཡང་ན་མངར་ཆའི་རིགས་ཀྱི་ཟས་རིགས་ཁེ་བཅོ་ལྔ་ནས་ཉི་ཤུ་བཟས་ནས་སྐར་མ་བཅོ་ལྔའི་འགོར་རྗེས།  ཡང་བསྐྱར་ཁྲག་གི་མངར་ཆ་བརྟག་དཔྱད་བྱེད་དགོས།   གལ་ཏེ་ཁྲག་གི་མངར་ཆའི་ཚད་ད་རུང་རྒྱུན་ལྡན་དུ་སླེབས་མེད་ན།   ཡང་བསྐྱར་མངར་ཆའི་རིགས་ཀྱི་ཟས་རིགས་ཁེ་བཅོ་ལྔ་ནས་ཉི་ཤུ་བཟས་ནས་སྐར་མ་བཅོ་ལྔ་འགོར་རྗེས་བསྐྱར་དུ་ཁྲག་གི་མངར་ཆ་བརྟག་དཔྱད་བྱེད་དགོས་པ་དང་།    གལ་ཏེ་ཁྲག་གི་མངར་ཆ་ཧྲིན་རེར་ཧོ་མའོ་ཨར3.9ལས་མཐོ་མོད།   ཡིན་ཡང་ཟས་ཐུན་རྗེས་མ་ཐོན་རག་བར་དུ་ད་རུང་ཆུ་ཚོད་གཅིག་ལས་མི་ཚད་ན།   བསིང་ཕྱེ་དང་སྤྲི་དཀར་རྫས་འདུས་པའི་ཟས་རིགས་ཟས་ཆོག

གཉིས།    གལ་ཏེ་ནད་པས་མངར་ཆ་ཇེ་མཐོར་འགྲོ་བའི་ཟས་རིགས་ཟོས་ཀྱང་སྔར་བཞིན་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་ལེགས་བཅོས་བྱེད་མི་ཐུབ་པའམ་ཡང་ན་དྲན་པ་མི་གསལ་བ་སོགས་ཀྱི་ནད་རྟགས་ཚབས་ཆེན་བྱུང་ན། མྱུར་དུ་མྱུར་སྐྱོབ་རླངས་འཁོར་བོས་ནས་སྨན་ཁང་དུ་འགྲོ་དགོས།

གསུམ།   ཁྲག་གི་མངར་ཆ་དམའ་བའི་ནད་བྱུང་བའི་ཉིན་དང་དུས་ཚོད།  ནད་རྟགས།  ཁྲག་གི་མངར་ཆའི་ཚད་བཅས་གསལ་བོར་ཤེས་དགོས།

བཞི།   རྒྱུ་རྐྱེན་གསལ་བོ་མེད་པ་དང་ཁྲག་གི་མངར་ཆ་དམའ་བའི་ནད་ཡང་དང་བསྐྱར་དུ་བྱུང་ན།   དུས་ལྟར་སྨན་ཁང་དུ་སོང་ནས་འབྱུང་རྐྱེན་ལ་བརྟག་དཔྱད་གསལ་བོ་བྱས་ཏེ་སྨན་བཅོས་བྱེད་དགོས།

ཁྲག་གི་མངར་ཆ་དམའ་བའི་ནད་དེ་གཅིན་སྙི་ཟ་ཁུའི་ནད་པར་འབྱུང་སླ་བའི་གནད་དོན་ཞིག་ཡིན་པ་དང་།  སྨན་བཅོས་བྱས་རྗེས་ནད་པ་མང་ཆེ་བས་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་བྱེད་ཐུབ། ཡིན་ཡང་དེའི་རྗེས་ཀྱི་ཉིན་འགའི་ནང་མཛུབ་རྩེའི་ཁྲག་གི་མངར་ཆ་བརྟག་དཔྱད་བྱས་ནས་ཁྲག་གི་མངར་ཆའི་གནས་ཚུལ་ཤེས་རྟོགས་བྱེད་དགོས།   གལ་ཏེ་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་རྒྱུན་དུ་བྱུང་ན།  ངེས་པར་དུ་དུས་ལྟར་སྨན་པར་སྟོན་དགོས།

ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་སྔོན་འགོག་བྱེད་ཐབས།

གཅིག   ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས།  ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་འབྱུང་སྐབས་འོས་འཚམ་གྱིས་ཁ་གཏད་འཇལ་དགོས།  དཔེར་ན།   རྔུལ་ཆུ་བཞུར་བ་དང་འདར་བ།   ལྟོགས་པ་དང་ཡི་མུག་པ།  ཐང་ཆད་པ།  སེམས་འཚབ་པ།  སུན་སྣང་སྐྱེ་བ་སོགས་ཀྱི་ནད་རྟགས་འབྱུང་སྐབས་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་བྱུང་བ་ཡིན་ཡང་སྲིད་པས།   གལ་ཏེ་ཆ་རྐྱེན་ཡོད་ན་མཛུབ་རྩེའི་ཁྲག་གི་མངར་ཆ་བརྟག་དཔྱད་བྱས་ནས་ཁྲག་གི་མངར་ཆ་དམའ་ཡོད་མེད་གཏན་འཁེལ་གསལ་བོ་བྱེད་དགོས།  གལ་ཏེ་ཁྲག་གི་མངར་ཆ་ཧྲིན་རེར་ཧོ་མའོ་ཨར3.9ལས་དམའ་བའམ་ཡང་ན་དེ་དང་ཉེ་བ།  ཡང་ན་ཁྲག་གི་མངར་ཆ་འཇལ་ཆས་མེད་ན།  ཁྲག་གི་མངར་ཆ་ཇེ་མཐོར་གཏོང་བའི་ཟས་རིགས་བསྟེན་དགོས།  གལ་ཏེ་དྲན་པ་མི་གསལ་བ་སོགས་ཀྱི་ནད་རྟགས་ཅུང་ཚབས་ཆེན་བྱུང་ན། 120ལ་ཁ་པར་བཏང་ནས་དུས་ལྟར་སྨན་པར་སྟོན་དགོས།

གཉིས།   ལུགས་མཐུན་གྱི་བཟའ་བཏུང་བསྟེན་པ་དང་འགུལ་སྐྱོད་འོས་འཚམ་བྱས་ན་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་མི་འབྱུང་བར་ཕན་ཐོགས་ཡོད།

གསུམ།   ནད་པ་རང་གིས་དུས་རྒྱུན་ཁྲག་གི་མངར་ཆ་བརྟག་དཔྱད་བྱེད་དགོས།   གལ་ཏེ་ཁྲག་གི་མངར་ཆ་ཧྲིན་རེར་ཧོ་མའོ་ཨར3.9ལས་དམའ་བ་དང་ཡང་ན་དེ་དང་ཉེ་བ་ཡིན་ན།    ཁྲག་གི་མངར་ཆ་དམའ་བའི་ནད་རྟགས་མེད་ཀྱང་སྨན་ཁང་དུ་སོང་ནས་ཁྲག་གི་མངར་ཆ་ཚད་འཇལ་བྱས་ཏེ་ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་ཇུས་གཞི་ལེགས་སྒྲིག་བྱེད་དགོས།   གལ་ཏེ་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་རྒྱུན་དུ་བྱུང་ན།  མཛུབ་རྩེའི་ཁྲག་གི་མངར་ཆ་ཚད་འཇལ་བྱེད་ཚད་ཀྱང་ཇེ་མང་དུ་གཏོང་དགོས་པ་དང་།   སྨན་ཁང་དུ་སོང་ནས་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་གྱི་འབྱུང་རྐྱེན་བཙལ་དགོས།

བཞི།  ལུགས་མཐུན་གྱི་ཁྲག་གི་མངར་ཆ་ཚོད་འཛིན་བྱེད་པའི་དམིགས་འབེན་གཏན་འཁེལ་བྱེད་དགོས།   ཁྲག་གི་མངར་ཆ་ཚོད་འཛིན་བྱེད་ཐབས་མི་རེ་རེར་མི་འདྲ་བས།   ཆེད་ལས་སྨན་པར་འདྲི་ཞིབ་བྱས་ཏེ་རང་ཉིད་ལ་འཚམ་པའི་ཁྲག་གི་མངར་ཆ་ཚོད་འཛིན་གྱི་དམིགས་འབེན་གཏན་འཁེལ་བྱེད་དགོས།

ལྔ།   ལུགས་མཐུན་དང་གཏན་འཇགས་ཀྱི་ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་བྱེད་ཐབས་ནི་ཁྲག་གི་མངར་ཆ་དམའ་བའི་གནས་ཚུལ་སྔོན་འགོག་བྱེད་ཐབས་གལ་ཆེན་ཞིག་ཡིན།   ཁྲག་གི་མངར་ཆ་རྒྱུན་ལྡན་མིན་པའི་གནས་ཚུལ་འོག་ཏུ།   ཉུང་མཐར་ཡང་ཟླ་རེར་སྨན་ཁང་དུ་སོང་ནས་བརྟག་དཔྱད་དང་ཁྲག་གི་མངར་ཆ་ཇེ་དམར་གཏོང་བའི་སྨན་རྫས་བརྗེ་བ་སོགས་བྱས་ནས་ཁྲག་གི་མངར་ཆ་རྒྱུན་ལྡན་དུ་གཏོང་དགོས།   ཁྲག་གི་མངར་ཆ་རྒྱུན་ལྡན་དུ་གྱུར་རྗེས་ཀྱང་སྣང་མེད་དུ་མི་བསྐྱུར་བར་སྨན་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་།    རང་ཁྱིམ་དུ་རྒྱུན་པར་ཁྲག་གི་མངར་ཆ་ཚད་འཇལ་བྱེད་དགོས་ལ། དུས་བཅད་ལྟར་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས།


གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།