མི་གང་དག་གིས་གློ་བའི་འབྲས་སྐྲན་བརྟག་དཔྱད་བྱ་དགོས།
2025.04.07 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

གློ་བའི་འབྲས་སྐྲན་བསྐྱེད་པའི་རྒྱུ་རྐྱེན་ལ་རྣམ་པ་སྣ་ཚོགས་ཡོད་ཅིང་། ཉེན་ཁའི་མི་ཚོགས་ཀྱིས་གློ་བའི་འབྲས་སྐྲན་འབྱུང་བར་དེ་བས་ཀྱང་ དོགས་ཟོན་བྱེད་དགོས་ཏེ། ལོ45མན་གྱི་མི་ལ་གཤམ་གྱི་གནས་ཚུལ་འདི་དག་ཡོད་ན། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁའི་མི་ཚོགས་ཀྱི་གྲས་སུ་གཏོགས་སྲིད་པས། གློ་བའི་འབྲས་སྐྲན་བརྟག་དཔྱད་བྱེད་འོས།

གཅིག ཐ་མག་འཐེན་མཁན།

ཐ་མག་འཐེན་པ་ནི་མིག་སྔར་འཛམ་གླིང་ཡོངས་ཀྱིས་ཁས་ལེན་པའི་གློ་བའི་འབྲས་སྐྲན་བསྐྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན། ཐ་མག་གི་ནང་དུ་གནོད་ལྡན་རྫས60ལྷག་ཡོད་ཅིང་། དེ་དག་གིས་ཐད་ཀར་གློ་བའི་ཕྲ་ཕུང་ལ་གནོད་སྐྱོན་བཟོས་ཏེ། ཕྲ་ཕུང་འཚར་སྐྱེ་འབྱུང་ཚུལ་རྒྱུན་ལྡན་མིན་པར་གཏོང་བ་དང་། མཐར་གློ་བའི་འབྲས་སྐྲན་དུ་འགྱུར་སྲིད། ཐ་མག་འཐེན་པ་ཇི་ལྟར་མང་བ་དང་ཐ་མག་འཐེན་པའི་དུས་ཚོད་ཇི་ལྟར་རིང་ན། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་དེ་ལྟར་ཆེ། མཉམ་འཇོག་བྱ་དགོས་པ་ཞིག་ལ། ད་སྐབས་ཐ་མག་མི་འཐེན་རུང་། སྔོན་ཆད་དུས་ཡུན་རིང་བོར་ཐ་མག་འཐེན་མྱོང་ནའང་། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁའི་མི་ཚོགས་ཀྱི་གྲས་སུ་གཏོགས་པ་ཡིན།

གཉིས། ཁྱིམ་རྒྱུད་ཀྱི་མི་ལ་གློ་བའི་འབྲས་སྐྲན་བྱུང་མྱོང་བ།

གློ་བའི་འབྲས་སྐྲན་ལ་ཚད་ངེས་ཅན་གྱི་རྒྱུད་འདེད་རང་བཞིན་ཡོད་པས། གལ་ཏེ་ཁྱིམ་རྒྱུད་ཀྱི་མི་ལ་གློ་བའི་འབྲས་སྐྲན་བྱུང་མྱོང་ཚེ། ཁྱིམ་རྒྱུད་དེའི་མི་གཞན་ལའང་གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ལྟོས་བཅས་ཀྱིས་མཐོ་བ་ཡིན།

གསུམ། འབྲས་སྐྲན་གཞན་བྱུང་མྱོང་བ།

སྔོན་ཆད་འབྲས་སྐྲན་གྱི་རིགས་གཞན་པ་བྱུང་མྱོང་བའི་མིའི་ལུས་སྟེང་དུ་རྒྱུན་ལྡན་མིན་པའི་གཞི་རྒྱུའི་ཐོལ་འགྱུར་ཡོད་སྲིད་པ་དང་། ཐོལ་འགྱུར་འདི་དག་གིས་ཐད་ཀར་གློ་བའི་འབྲས་སྐྲན་བསྐྱེད་པའི་ངེས་པ་མེད་ཀྱང་། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

བཞི། ལས་ཀའི་རྒྱུ་རྐྱེན།

ལས་ཀའི་དབང་གིས་རྒྱུན་པར་དུག་ཅན་དང་གནོད་ལྡན་དངོས་པོར་ཐུག་རེག་བྱ་དགོས་པའི་མི་རྣམས་ཀྱང་གློ་བའི་འབྲས་སྐྲན་གྱི་ཉེན་ཁའི་མི་ཚོགས་སུ་གཏོགས། དུག་ཅན་དང་གནོད་ལྡན་རྫས་ཀྱི་ཁྲོད་དུ་ཀྲེམ་དང་ཁིར། ཀེ  ཁད་སོགས་ལྕགས་རིགས་གཞི་རྒྱུ་དང་།  འཚིག་སྣུམ་སོགས་རྫས་འགྱུར་དངོས་རྫས་འདུས་ལ། ད་དུང་དེ་ལས་གཞན་པའི་གནོད་ལྡན་དངོས་རྫས་ཀྱང་ཡོད་པས། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་སྲིད།

ལྔ། དལ་གཤིས་གློ་ནད་ཡོད་པ།

གློ་བ་ཚིན་འགྱུར་དང་འདུས་འདྲིལ་གློ་ནད་སོགས་དལ་གཤིས་གློ་ནད་ཡོད་པའི་མིའང་གློ་བའི་འབྲས་སྐྲན་གྱི་ཉེན་ཁའི་མི་ཚོགས་སུ་གཏོགས། དུས་ཡུན་རིང་བོར་དལ་གཤིས་གློ་ནད་ཡོད་ཚེ། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་རྒྱུན་ལྡན་གྱི་མི་ལས་མཐོ་བ་ཡིན།

དྲུག དུས་ཡུན་རིང་བོར་སྦགས་བཙོག་ཆེ་བའི་ཁོར་ཡུག་ཏུ་སྡོད་པ།

དུས་ཡུན་རིང་བོར་མི་གཞན་གྱིས་འཐེན་པའི་ཐ་མག་གི་དུ་བ་རྔུབ་པ་དང་སྣུམ་དུད་མང་བའི་ཐབ་ཚང་། སྨུག་རྡུལ་ཁོར་ཡུག་སོགས་སུ་བསྡད་ཚེ། གློ་བའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་སྲིད། སྦགས་བཙོག་བཟོས་པའི་མཁའ་དབུགས་ཁྲོད་ཀྱི་གནོད་ལྡན་དངོས་རྫས་ཡུན་རིང་ལ་རྔུབ་ཚེ། གློ་བའི་ཕྲ་ཕུང་ལ་གནོད་སྐྱོན་བཟོ་བ་དང་སྐྲན་འགྱུར་འབྱུང་བ་སོགས་བྱེད་སྲིད།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།