སྙིང་ལ་གཤགས་བཅོས་བྱས་རྗེས་ཆུ་འཐུང་རྒྱུ་སྔ་མི་རུང་།
2025.04.14 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

སྙིང་ལ་གཤགས་བཅོས་བྱས་མ་ཐག་པའི་ནད་པ་སྐོམ་སླ་ལ། དེའི་རྒྱུ་མཚན་ནི་ལུས་པོར་རྨ་ཁ་ཆེན་པོ་བཏོད་པ་དང་ལུས་པོའི་ནང་དུ་རྙོག་འཛིང་ཆེ་བའི་འགྱུར་ལྡོག་བྱུང་སྟེ། སྐོམ་པའི་ཚོར་སྣང་བྱུང་བ་རེད། འོན་ཀྱང་། གཤགས་བཅོས་བྱས་རྗེས་ཆུ་འཐུང་རྒྱུ་སྔ་དྲགས་ན་གནོད་པ་ལས་ཕན་པ་མེད།  རྒྱུན་ལྡན་གྱི་སྙིང་གིས་ཆུ་འདོན་ཚད་རྒྱུན་ལྡན་ཡིན་པ་དང་། བྱེད་ནུས་ཅུང་མི་བཟང་བའི་སྙིང་གིས་རྒྱུན་ལྡན་ངང་ཆུ་ཕྱིར་འདོན་མི་ཐུབ། གལ་ཏེ་ད་དུང་མུ་མཐུད་དུ་ཆུ་འཐུང་ན། ལུས་པོར་གནོད་པ་འབྱུང་སྲིད།

སྙིང་ལ་གཤགས་བཅོས་བྱས་རྗེས་ཆུ་འཐུང་ཚད་སྔ་མི་རུང་བ་ལ་རྒྱུ་རྐྱེན་གཉིས་ཡོད་དེ།

གཅིག སྙིང་གི་ཁུར་བོ་ཇེ་ལྕིར་འགྱུར་སྲིད། གཤགས་བཅོས་ཀྱིས་མ་གཞི་ནས་སྙིང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དང་།  ལྷག་པར་དུ་གཤགས་བཅོས་མ་བྱས་པའི་སྔོན་ལ་སྙིང་གི་ནུས་པ་ཆ་མི་ཚང་བའི་ནད་པ་ཡིན་ན། གལ་ཏེ་སྐབས་དེར་ཆུ་མང་པོ་འཐུང་ན། ཆུ་རྒྱུ་ལམ་བརྒྱུད་ནས་ཁྲག་འཁོར་རྒྱུག་ཁྲོད་ཞུགས་ཏེ། ཁྲག་གི་གྲུབ་ཆ་རུ་འགྱུར་སྲིད་པས། དེས་ཁྲག་གི་ཤོངས་ཚད་ཇེ་ཆེར་བཏང་ནས། སྙིང་གི་ཁུར་བོ་ཇེ་ལྕི་རུ་གཏོང་སྲིད།

གཉིས། གློ་བའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་སྲིད།  གཤགས་བཅོས་ཀྱི་སྔ་དུས་སུ། གལ་ཏེ་ཆུ་འཐུང་ཚད་དེ་ཆུ་ཕྱིར་འདོན་ཚད་ལས་བརྒལ་ཚེ། གློ་བ་སྐྲངས་ནས།  ནད་པའི་དབུགས་འབྱིན་རྔུབ་ལ་དཀའ་ཁག་འབྱུང་སྲིད་པ་དང་ཐ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད།

སྙིང་ལ་གཤགས་བཅོས་བྱས་རྗེས། སྨན་པས་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ལ་གཞིགས་ནས། ནད་པའི་ཆུ་འཐུང་ཚད་ལ་ཚོད་འཛིན་ནན་མོ་བྱེད་པ་དང་།  སྙིང་གི་ནུས་པ་རྒྱུན་ལྡན་དུ་སླར་གསོ་བྱུང་ཚེ། ད་གཟོད་རྒྱུན་ལྡན་ལྟར་ཆུ་འཐུང་ཆོག་པ་ཡིན།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།