རྒྱུན་འཐུང་གི་ཇ་རིགས་འགའི་ནུས་པ་དང་བསྟེན་ཐབས།
2025.04.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཇ་འཐུང་ན་ཁམས་གསོ་བར་ཕན་པར་བཤད་ཀྱང་། དེ་ཡང་རང་ལུས་ཀྱི་གནས་ཚུལ་དང་བསྟུན་པ་གལ་ཆེ། ཀྲུང་ལུགས་གསོ་རིག་གིས་ཇ་སྨན་ལ་གྲང་བ་དང་བསིལ་བ་དང་དྲོ་བ་དང་ཚ་བ་བཅས་རང་བཞིན་བཞི་རུ་དབྱེ། དེ་བཞིན་དུ་གྲང་བའི་རང་བཞིན་གྱི་ཇ་དེ་མིའི་རང་བཞིན་ཚ་བ་ཅན་ལ་འཕྲོད་པ་ཡིན། དཔེར་ན་ལུས་རྒྱགས་པའི་མི་ཡིས་ཚིལ་ཞུ་ཞིང་བཤང་བ་རྒྱུ་བར་བྱེད་པའི་ཚོ་སྦྱོང་ཇ་བསྟེན་ཆོག ཇ་སྨན་དེ་ནི་ཆུ་སྐྱེས་པད་འདབ་ཀྱིས་གཙོ་བྱས་ཤིང་དེ་ལ་ཇ་ལྗང་དང་སྐྱུ་རུ་ར། མེ་ཏོག་གསེར་དངུལ་སོགས་ཀྱིས་ཟུར་བརྒྱན་པ་ཞིག་ཡིན་པས། དེ་ལ་ཚིལ་ཞུ་བ་དང་ཁམས་གསོ་བའི་ནུས་པ་ལྡན། གཤམ་དུ་རྒྱུན་འཐུང་གི་ཇ་རིགས་འགའི་ནུས་པ་དང་བསྟེན་ཐབས་བཤད་པ་ལ་སོ་སོའི་རང་གི་ལུས་པོའི་གནས་ཚུལ་དང་བསྟུན་ནས་བསྟེན་པར་ཞུ།

མེ་ཏོག་ཇ། མེ་ཏོག་ཇ་ནི་མངར་ལ་བསིལ་བ་དང་དྲི་ཞིམ་དང་ལྡན་པས། རླུང་རྒྱུ་བ་སེམས་ཡངས་པ། སྙིགས་རོ་འདོར་བའི་བྱེད་ནུས་དང་ལྡན་པས། ལུས་ཀྱི་རླུང་འགག་པ་རྒྱུ་བར་ཕན། དཔེར་ན་དཔྱིད་དུས་ལུས་ཀྱི་རྒྱུ་བ་མ་སྙོམས་པར་སེམས་ཁམས་མི་དྭངས་པར་འགྱུར་བ་དང་མཆིན་རླུང་འགག་པས། མེ་ཏོག་ཇ་བསྟེན་ན་མཆིན་རླུང་རྒྱུ་བར་བྱེད་པ་དང་སེམས་ཁམས་དྭངས་པར་བྱེད་པའི་ནུས་པ་ཐོན།

ཇ་ལྗང་། ཇ་ལྗང་ནི་རོ་ཁ་ལ་རང་བཞིན་གྲང་བ་ཡིན་པས། དབྱར་ཚ་བ་ཆེ་དུས། མི་ལུས་ལ་རྔུལ་ཆུ་མང་པོ་ཟགས་པ་དང་། ལུས་ཀྱི་བརླན་ཆ་དང་ནུས་པ་ཟད་ཆེ་བས། གཉིད་ཀྱིས་མི་འདང་བ་དང་ལུས་དུབ་པར་འགྱུར། དེ་བས་ཇ་ལྗང་ནི་ལུས་ཀྱི་རང་བཞིན་ཚ་བ་ཅན་གྱི་མིས་དབྱར་དུས་བསྟེན་རིགས་ཏེ། ཚ་སེལ་དྲོ་སྙོམས་དང་གློ་བ་གསོ་བའི་ནུས་པ་ཐོན།

ཇ་ཝུ་ལོང་། ཇ་ཝུ་ལོང་ལ་ཇ་ལྗང་གི་བསིལ་བའི་ཆ་དེ་ལྡན་པར་མ་ཟད་ཇ་དམར་གྱི་བྲོ་བའང་ལྡན། དེའི་རང་བཞིན་ཚ་གྲང་སྙོམས་པ་ཅན་ཡིན་པས། སྟོན་དུས་སྐམ་ཐན་ཆེ་བའི་དུས་སུ། མི་ལུས་ལ་འབྱིན་རྔུབ་མི་བདེ་བའི་གནས་ཚུལ་འབྱུང་བས། ཇ་ཝུ་ལོང་འཐུང་ན་མིད་པ་དང་གྲེ་བ་བརླན་པར་བྱེད་ལ། རླུང་དང་མེ་དྲོད་གསོ།

ཇ་ཕོར་བ། ཇ་ཕོར་བ་ལ་མངར་ཆ་དང་སྐྱེ་དངོས་བིལ་ཏོག ཨེམ་ཅི་སྐྱུར། ཇ་ཧྥིན། གཏེར་རྒྱུ་སོགས་ཀྱི་གྲུབ་ཆ་འཛོམས། ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། རྒྱུན་དུ་ཇ་ཕོར་བ་བསྟེན་ན་ཁྲག་ཚིལ་སྙོམས་པར་བྱས་ནས་མཁྲིས་ཕྲུན་ཇེ་དམའ་རུ་གཏོང་ནུས་ལ། དེ་བཞིན་ཚིལ་གྱི་སྤྲི་དཀར་ཇེ་མཐོར་གཏོང་བའི་ནུས་པ་ཐོན་པ་ཡིན།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།