མིག་སྔར། གསར་དུ་བཙས་པའི་བྱིས་པའི་འཚོ་བཅུད་ཁྱབ་ཁོངས་སུ་ཚེ་སྲོག་གི་ཆེས་ཐོག་མའི་ཉིན་སྟོང་ཞེས་པའི་བཤད་ཚུལ་ཞིག་ཡོད་ལ། དེ་ནི་ཨ་མའི་མངལ་སྦྲུམ་པ་ནས་བྱིས་པ་བཙས་པའི་རྗེས་ཀྱི་ལོ་གཉིས་བར་གོ་བ་ཡིན། བྱིས་པ་ནར་སོན་པའི་རྗེས་ཀྱི་ནད་རིགས་མང་པོ་ཞིག་དུས་སྐབས་དེའི་འཚོ་བཅུད་གནས་ཚུལ་ལ་རག་ལས་ཡོད།
བྱིས་པ་བཙས་ནས་ཟླ་དྲུག་འགོར་རག་བར་དུ། ཨ་མའི་ནུ་ཞོ་བསྣུན་དགོས། ཨ་མའི་ནུ་ཞོའི་ནང་དུ་རིམས་ཐར་རྒྱུ་མང་པོ་ཡོད་པས། བྱིས་པ་ནར་སོན་རྗེས་རེད་གཤིས་ནད་འབྱུང་བ་སྔོན་འགོག་བྱེད་པར་ཕན། བྱིས་པ་བཙས་ནས་ཟླ་བདུན་ནས་ཟླ་ཉེར་བཞིའི་བར་དུ། ད་རུང་མུ་མཐུད་དུ་ཨ་མའི་ནུ་ཞོ་བསྣུན་ན་བཟང་། རྒྱུ་མཚན་ནི་ཨ་མའི་ནུ་ཞོས་སྔར་བཞིན་སྤུས་ལེགས་སྤྲི་དཀར་རྫས་དང་ཀལ་སོགས་འཚོ་བཅུད་རྫས་གལ་ཆེན། རིམས་ཐར་སྲུང་སྐྱོབ་རྒྱུ་སོགས་མཁོ་འདོན་བྱེད་ཐུབ་པར་མ་ཟད། མ་བུའི་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བ་དང་བྱིས་པ་འཚར་ལོངས་འབྱུང་བར་ཕན་ཐོགས་ཡོད། གལ་ཏེ་ཨ་མའི་ནུ་ཞོ་བསྣུན་མ་ཐུབ་པ་དང་ནུ་ཞོ་མ་འདང་ན། འོ་ཕྱེ་སོགས་ཀྱིས་ཨ་མའི་ནུ་ཞོའི་ཚབ་བྱེད་དགོས།
བྱིས་པ་བཙས་ནས་ཟླ་དྲུག་འགོར་རྗེས། ཕོ་བ་དང་རྒྱུ་མ་སོགས་འཇུ་བྱེད་དབང་བོ་ལྟོས་བཅས་ཀྱིས་འཚར་སྐྱེ་བྱུང་ཡོད་པས། ཨ་མའི་ནུ་ཞོ་ལས་གཞན་པའི་ཟས་རིགས་འཇུ་ཐུབ་ལ། དུས་སྐབས་དེར་ལྕགས་འདུས་པའི་ཟས་རིགས་ཇེ་མང་དུ་བཏང་ཆོག བྱིས་པའི་ལུས་སྟེང་གི་ལྕགས་རྒྱུ་ནི་གཙོ་བོ་མངལ་སྦྲུམ་པའི་དུས་མཇུག་གི་ཟླ་གསུམ་གྱི་རིང་ཨ་མས་བུ་རོགས་བརྒྱུད་ནས་མཁོ་འདོན་བྱས་པ་ཡིན། བྱིས་པ་བཙས་རྗེས་ཀྱི་ཟླ་གཉིས་ནས་གསུམ་གྱི་རིང་། སྐྱེ་ལུགས་རང་བཞིན་གྱི་ཁྲག་ཞན་པའི་གནས་ཚུལ་འབྱུང་སྲིད་པ་དང་། སྐབས་དེར་ཨ་མའི་ནུ་ཞོའི་ནང་གི་ལྕགས་རྒྱུའི་འདུས་ཚད་ཉུང་ན་བྱིས་པར་ཁྲག་ཞན་པའི་གནས་ཚུལ་འབྱུང་སྲིད། དེ་བས། ཨ་མའི་ནུ་ཞོ་ལས་གཞན། རིམ་བཞིན་ཟས་རིགས་གཞན་པ་བྱིན་ནས་འཚོ་བཅུད་ཁ་གསབ་བྱེད་དགོས། ཟས་རིགས་སྟེར་བའི་སྐབས་སུ། ཐེངས་རེར་ཟས་རིགས་སྣ་གཅིག་སྟེར་དགོས་ལ། ཉུང་བ་ནས་མང་བ་དང་། དྭངས་མོ་ནས་ནུར་མོའི་གོ་རིམ་བརྒྱུད་དགོས། དེ་ལྟར་ཟས་རིགས་སྣ་གཅིག་ཉིན་གཉིས་ནས་གསུམ་ལ་བྱིན་ཏེ་ལོབས་སུ་འཇུག་དགོས་པ་དང་། སྐྱུག་པ་དང་ཁོག་པ་བཤལ་བ། པགས་འབྲུམ་འབུད་པ་སོགས་ཀྱི་གནས་ཚུལ་ཡོད་མེད་ལ་ལྟ་ཞིབ་ནན་མོ་བྱེད་དགོས། ཟས་རིགས་སྣ་གཅིག་ལ་ལོབས་རྗེས་ཟས་རིགས་གཞན་པ་ཁ་སྣོན་བྱས་ཆོག
དེ་མིན། བྱིས་པར་ཟས་རིགས་གཞན་སྟེར་བའི་སྐབས་སུ། ཟས་རིགས་དེའི་བྲོ་བ་དངོས་སྲུང་འཛིན་བྱས་ན་བཟང་། ཚྭ་དང་ཀ་ར་སོགས་སྣོན་མི་དགོས། ཟས་རིགས་ཀྱི་བྲོ་བ་དངོས་རྒྱུན་འཁྱོངས་བྱས་ན། བྱིས་པས་རང་བྱུང་གི་ཟས་རིགས་མི་འདྲ་བའི་བྲོ་བ་དང་ལེན་བྱེད་ཚད་མཐོ་རུ་གཏོང་ཐུབ་པ་དང་། ཟས་ལ་ཁ་འདེམ་ཆེ་བའི་ཉེན་ཁ་ཆུང་དུ་གཏོང་ཐུབ། དེར་མ་ཟད། བྱིས་པའི་ཚྭ་དང་མངར་ཆ་བསྡུ་ལེན་བྱེད་ཚད་ཉུང་དུ་གཏོང་བ་དང་། བྱིས་པའི་དུས་སྐབས་དང་ནར་སོན་རྗེས་གཅིན་སྙི་ཟ་ཁུ་དང་ཁྲག་ཤེད་མཐོ་བ། སྙིང་ཁམས་ཁྲག་རྩའི་ནད་སོགས་འབྱུང་ཚད་ཇེ་དམར་གཏོང་བར་ཕན། ཟས་རིགས་ཀྱི་འཕྲོད་བསྟེན་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས། ཟ་མ་གཡོས་སྦྱོར་མ་བྱས་པའི་སྔོན་དུ་ལག་པ་གཙང་མར་བཀྲུ་བ་དང་། ཟས་རིགས་ཡོ་བྱད་གཙང་མར་བཀྲུ་དགོས། བྱིས་པའི་ཟས་བཟའ་བའི་སྐབས་སུ་ཁྱིམ་མིས་ངེས་པར་དུ་ལྟ་སྐྱོང་བྱས་ནས་བསམ་ཡུལ་ལས་འདས་པའི་དོན་འབྱུང་བ་སྔོན་འགོག་བྱེད་དགོས། ལོ་གསུམ་ལ་འབུད་རག་བར་དུ་ཟླ་གསུམ་རེའི་ནང་བྱིས་པའི་འཚར་ལོངས་དམིགས་ཚད་ལྟ་ཞིབ་ཚད་ལེན་བྱེད་དགོས། གལ་ཏེ་དུས་སྐབས་དེར་ནད་དང་ཡང་ན་རྒྱུ་རྐྱེན་གཞན་གྱི་དབང་གིས་བྱིས་པ་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཐེབས་ཚེ། དུས་ཐོག་ཏུ་རྒྱུ་རྐྱེན་བཙལ་དགོས། དེ་ལྟར་མ་བྱས་ན་འཚོ་བཅུད་མི་འདང་བའི་གནས་ཚུལ་འབྱུང་སླ།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།