ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། བཟའ་ཟླ་ཕྱོགས་གཅིག་གི་བདེ་ཐང་གནས་ཚུལ་གྱིས་ཕྱོགས་གཞན་དེའི་བདེ་ཐང་ལའང་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ཅིང་། དེ་ལ་དལ་གཤིས་ནད་འབྱུང་ཚད་དང་འཚོ་བའི་གོམས་གཤིས་ཀྱི་འགྱུར་ལྡོག ཐུན་མོང་གི་བདེ་ཐང་ཉེན་ཁ་ཇེ་མཐོར་འགྲོ་བ་སོགས་ཚུད།
འཚོ་བའི་གོམས་གཤིས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ། བཟའ་ཟླས་ནམ་རྒྱུན་བཟའ་བཏུང་དང་འགུལ་སྐྱོད། གཉིད་སོགས་ཀྱི་ཐད་ནས་བཟའ་ཟླ་ཕྱོགས་གཞན་དེར་ཤུགས་རྐྱེན་ཐེབས་བཞིན་ཡོད་དེ། བཟའ་ཟླ་གཉིས་དུས་ཡུན་རིང་བོར་མཉམ་དུ་འཚོ་བ་རོལ་བའི་གོ་རིམ་ཁྲོད་འཚོ་བའི་གོམས་གཤིས་འདྲ་མཚུངས་ཆགས་སླ། དཔེར་ན། བཟའ་ཟླ་ཕྱོགས་གཅིག་གིས་བདེ་ཐང་གི་བཟའ་བཏུང་གོམས་གཤིས་རྒྱུན་འཁྱོངས་བྱས་ཚེ། ཕྱོགས་གཞན་དེ་ལའང་ཤུགས་རྐྱེན་ལེགས་པོ་ཐེབས་ནས། བདེ་ཐང་གི་བཟའ་བཏུང་གོམས་གཤིས་ཆགས་སྲིད། གཞན་བཟའ་ཟླ་ཕྱོགས་གཉིས་ཀྱི་ལུས་པོ་སྦྱོང་བརྡར་བྱེད་པའི་གོམས་གཤིས་ཀྱིས་ཀྱང་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པ་སྟེ། ཞིབ་འཇུག་ལས་མངོན་པ་ལྟར་ན། བཟའ་ཟླ་ཕྱོགས་གཅིག་གིས་ཆོས་ཉིད་ལྡན་པའི་སྦྱོང་བརྡར་གོམས་གཤིས་རྒྱུན་བསྐྱངས་ཚེ། ཅིག་ཤོས་ཀྱང་དེའི་ནང་དུ་ཞུགས་སྲིད། སྦྱོང་བརྡར་གྱིས་མོས་འདུན་དང་འཚམ་པའི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་ཐུབ་པར་མ་ཟད། དལ་གཤིས་ནད་འབྱུང་ཚད་ཇེ་དམའ་དང་སེམས་ཁམས་ཇེ་བཟང་། ལུས་ཤུགས་ཇེ་ཆེ། རིམས་འགོག་ནུས་པ་ཇེ་མཐོ་བཅས་སུ་གཏོང་ཐུབ།
ཐུན་མོང་གི་དལ་གཤིས་ནད་ཡོད་པ། དལ་གཤིས་ནད་དེ། དཔེར་ན་ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུ། སྙིང་རྩའི་ནད་སོགས་ནི་རྒྱུན་པར་འཚོ་བའི་གོམས་གཤིས་མི་ལེགས་པ་དང་རྒྱུད་རྒྱུའི་རྒྱུ་རྐྱེན་མཉམ་འདུས་སྒོས་བསྐྱེད་བཞིན་ཡོད། བཟའ་ཟླ་གཉིས་མཉམ་དུ་འཚོ་བ་རོལ་སྐབས། ནམ་རྒྱུན་འཚོ་བའི་གོམས་གཤིས་འདྲ་མཚུངས་བསྟེན་བཞིན་པར་མ་ཟད། ཕན་ཚུན་བར་ཤུགས་རྐྱེན་ཡང་ཐེབས་བཞིན་ཡོད། དཔེར་ན་བཟའ་ཟླ་ཕྱོགས་གཅིག་ལ་སྙིང་རྩའི་ནད་ཡོད་ཚེ། ཕྱོགས་གཞན་དེ་ལའང་དེ་དང་རིགས་འདྲ་བའི་བཟའ་བཏུང་དང་འཚོ་བའི་གོམས་གཤིས་ཡོད་པས། སྙིང་རྩའི་ནད་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་ཡིན། ཞིབ་འཇུག་ལས་མངོན་པ་ལྟར་ན། བཟའ་ཟླ་ཕྱོགས་གཉིས་ཀར་ཁྲག་ཤེད་མཐོ་བའི་ནད་ཡོད་སྐབས། ཕྱོགས་གཉིས་ཀའི་ནད་བབ་ལ་ཚོད་འཛིན་བྱ་རྒྱུ་ནི་དེ་བས་ཀྱང་དཀའ་སྟེ། འདི་ནི་ཕན་ཚུན་གྱི་འཚོ་བའི་གོམས་གཤིས་འདྲ་བ་དང་། ཕན་ཚུན་བར་བདེ་ཐང་ལ་རྒྱབ་སྐྱོར་བྱེད་པའི་རྒྱུ་རྐྱེན་དཀོན་པ་དང་འབྲེལ་བ་ཡོད། སྣང་ཚུལ་འདི་ཡིས་བཟའ་ཟླ་ཕྱོགས་གཉིས་ཀྱི་བདེ་ཐང་གནས་ཚུལ་ལ་འདྲ་བའི་ཆ་ཡོད་པ་དང་། དེས་ཐུན་མོང་གི་བདེ་ཐང་གནད་དོན་སྔར་བས་ཚབས་ཆེར་འགྱུར་སྲིད་པ་མཚོན།
དེ་མིན། བཟའ་ཟླ་ཕྱོགས་གཅིག་གི་བདེ་ཐང་གནས་ཚུལ་གྱིས་ཕྱོགས་གཞན་དེའི་སེམས་ཁམས་ལ་ཤུགས་རྐྱེན་ཐེབས་སྲིད་དེ། གལ་ཏེ་བཟའ་ཟླ་ཕྱོགས་གཅིག་ལ་ན་ཚ་བྱུང་ཚེ། ཕྱོགས་གཞན་དེར་སེམས་ཁུར་དང་སྙོར་སྐྱོང་གི་ཁུར་བོ། བརྩེ་བའི་གནོན་ཤུགས་སོགས་ལྡོག་ཕྱོགས་ཀྱི་སེམས་ཁམས་བསྐྱེད་སྲིད་པ་དང་། དེས་ལུས་སེམས་བདེ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་གཏོང་སྲིད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།