སྣའི་གཉན་ཚད་སྔོན་འགོག་བྱེད་ཐབས།
2025.04.21 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

གཅིག སྒོ་ཕྱིར་ཉུང་འགྲོ་བྱེད་པ། དཔྱིད་ཀར་ཚོར་སྐྱེན་རང་བཞིན་གྱི་སྣའི་གཉན་ཚད་སྔོན་འགོག་བྱེད་ཐབས་གཙོ་བོ་ནི་མེ་ཏོག་གི་ཟེའུ་རྡུལ་དང་། ཤིང་བལ་སོགས་ཚོར་སྐྱེན་འབྱུང་ཁུངས་དང་རྒྱང་བགྱེད་རྒྱུ་དེ་ཡིན་པས། རབ་ཡིན་ན་སྒོ་ཕྱིར་ཉུང་འགྲོ་བྱ་རྒྱུ་དང་། ངེས་པར་འགྲོ་དགོས་བྱུང་ཚེ་ཁ་ཐུམ་བརྒྱག་དགོས།

གཉིས།  ཉལ་ཐུལ་ཉི་མར་ལྡེ་བ།  ཉལ་གོས་ཀྱི་རིགས་སྤྱོད་ཡུན་རིང་ན་གཡན་འབུ་སྐྱེ་སླ་བ་དང་། གཡན་འབུ་ནི་སྣའི་གཉན་ཚད་སློང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པས། ཚང་མས་ཉལ་ཐུལ་དང་སྔས་འབོལ་སོགས་ཉི་མར་ལྡེས་ཏེ་གཡན་འབུ་རྩ་མེད་དུ་གཏོང་དགོས།

གསུམ། སྡོད་ཁང་ལ་གཙང་སྦྲ་བྱེད་པ།  ཚོར་སྐྱེན་རང་བཞིན་གྱི་སྣའི་གཉན་ཚད་ནད་པས་སྡོད་ཁང་ལ་གཙང་སྦྲ་ཡག་པོ་བྱ་རྒྱུ་གལ་ཆེ་སྟེ། ལྷག་པར་དུ་ཁྱིམ་གྱི་ས་གདན་དང་འབོལ་ཁྲི། སྒེའུ་ཡོལ་སོགས་ཀྱི་རྡུལ་ལེན་རྒྱུ་དང་གཙང་བཀྲུ་བྱས་ནས་གཡན་འབུ་དང་བཏགས་མའི་རིགས་ཀྱི་ཚི་སྣས་སྣའི་གཉན་ཚད་སློང་བ་སྔོན་འགོག་བྱེད་དགོས།  དེ་མིན་ནད་པའི་འཚོ་བའི་ཁོར་ཡུག་སྐམ་ཐལ་ཆེ་མི་རུང་བས། བརླན་སྟེར་བའི་གློག་ཆས་བཞག་སྟེ་མཁའ་དབུགས་ཀྱི་བརླན་ཚད་ཇེ་ཆེ་དང་མཁའ་དབུགས་ཁྲོད་ཀྱི་གཟེགས་རྡུལ་ཇེ་ཉུང་དུ་གཏོང་འོས།

བཞི། དྲོད་སྲུང་བཟང་བོ་བྱེད་དགོས།  ད་སྐབས་ནམ་ཟླ་ཇེ་དྲོར་འགྲོ་བཞིན་པའི་དུས་ཡིན་ནའང་། གནམ་གཤིས་ལ་འགྱུར་ལྡོག་ཆེ་བས་ཆམ་པ་ཕོག་ནས་ སྣ་ལ་མི་བདེ་བ་བཟོ་སྲིད།  དེ་བས་གནམ་གཤིས་དང་བསྟུན་ནས་ལྭ་བ་གྱོན་དགོས་པ་དང་།  ལྷག་པར་དུ་ལོ་མང་བོར་སྣའི་གཉན་ཚད་ཀྱིས་མནར་བཞིན་པའི་ནད་པ་ཚོས་དེར་དོ་སྣང་བྱེད་དགོས།

ལྔ།  སྦྱོང་བརྡར་བྱེད་པ།  ཚོར་སྐྱེན་རང་བཞིན་གྱི་སྣའི་གཉན་ཚད་ཀྱང་མཐར་གཏུག་ན་རང་ལུས་ཀྱི་རིམས་འགོག་ནུས་པ་ཞན་པར་རག་ལས་པས། རྒྱུན་པར་དལ་མོར་རྒྱུག་པ་སོགས་དབྱང་ལྡན་འགུལ་སྐྱོད་མང་ཙམ་བྱས་ཏེ་རིམས་འགོག་ནུས་པ་ཇེ་བཟང་དུ་གཏོང་འོས། དེ་ལས་གཞན་མཚན་སྐྱེལ་བའི་གོམས་གཤིས་དོར་ནས་གཉིད་འདང་ངེས་ཡོང་བར་བྱེད་དགོས།

དྲུག  བཟའ་བཏུང་གི་གོམས་གཤིས་ལེགས་སྒྲིག་བྱེད་དགོས།  སྣའི་གཉན་ཚད་ནད་པས་རྒྱུན་དུ་ཁ་ཚ་དང་འཁྱག་ཟས་ཀྱི་རིགས།  ཆུ་འབུ་གློ་ཉལ་སོགས་མཚོ་ཟས་ཀྱི་རིགས་ལ་འཛེམ་དགོས་ཤིང་། རྒྱུན་པར་སྟར་ཀ་སོགས་རླུང་གསོ་ཞིང་གློ་བར་ཕན་པའི་ཟས་རིགས་བསྟེན་ན་བཟང་།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།