སྦྲང་རྩི་ནི་རང་བྱུང་གི་འཚོ་བཅུད་རྫས་དངོས་ཤིག་ཡིན་ཏེ། དེའི་ནང་དུ་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་འདུས་ལ། གསོ་རིག་སྙིང་བསྡུས་སྐྱ་རེངས་གསར་པའི་ཁྲོད་སྦྲང་རྩི་ནི་རོ་མངར་བ་དང་། ངོ་བོ་དྲོད་ཀྱི་རིགས་ཏེ། ཕན་ནུས་ནི་བད་ཀན་སེལ་བ་དང་ལུས་སྟོབས་སྐྱེད་པ། སྐྱ་འགྲིབ་སངས་པ་དང་པགས་པ་གསོ་བར་མ་ཟད། ལུས་སྟོབས་ཉམས་པ་དང་། པགས་མདངས་ཉམས་པ། མིག་ལ་སྐྱ་འགྲིབ་འཁོར་བ། བཤང་བ་འགགས་པ། ལུད་པ་མེད་པར་གློ་ལུ་བ། དེ་མིན་ཕོ་བ་དང་མཚེར་པའི་ནད་སོགས་ལ་ཕན་ཞེས་བཀོད་འདུག
བོད་ལུགས་གསོ་རིག་གི་ནང་དུ་སྦྲང་རྩི་ནི“རླུང་མཁྲིས་བད་ཀན”གསུམ་སྙོམ་བྱེད་ཀྱི་གསོ་སྨན་མཆོག་གྱུར་ཞིག་ཏུ་བརྩི་བ་སྟེ། རྒྱུན་པར་གློ་བའི་ཚ་ལུ་དང་མིད་པ་སྐྲངས་པ། རྒྱུ་ཚ་ལངས་པ་དང་བཤང་འགག་སོགས་ཀྱི་ནད་ལ་གསོ་བཅོས་དང་བཏང་སྙོམ་བྱེད་སྤྱད་ཀྱི་རྫས་ཤིག་ཏུ་རྩི་བཞིན་ཡོད། དེང་རབས་ཞིབ་འཇུག་གིས་བདེན་དཔང་བྱས་པ་ལྟར་ན། སྦྲང་རྩིའི་ནང་གི་འགྱུར་རྫས་ལ་འབུ་ཕྲ་འགོག་པ་དང་གཉན་ཚད་འགོག་པའི་ནུས་པ་ལྡན་ ཞེས་བརྗོད་ཡོད།
དང་པོ། སྦྲང་རྩིའི་སྨན་སྤྱོད་རིན་ཐང་།
བོད་ལུགས་གསོ་རིག་གིས་སྦྲང་རྩི་ལ་འཇུ་བྱེད་མ་ལག་སྙོམ་སྒྲིག་དང་ཕོ་མཚེར་སྙོམས་སྒྲིག་བྱེད་པའི་ནུས་པ་ལྡན་པར་འདོད་པས། ཕོ་བ་ན་བ་དང་ཕོ་སྨུག་གསོ་བཅོས་བྱེད་པར་སྦྲང་རྩི་བཀོལ་སྤྱོད་བྱེད་ཀྱིན་ཡོད། དེང་རབས་སྨན་ལུགས་དངོས་བཤེར་ལས་མངོན་པ་ལྟར་ན། སྦྲང་རྩིས་ཕོ་བའི་འབྱར་སྐྱི་སླར་གསོ་བྱེད་པར་ཕན་ཐོགས་པར་མ་ཟད། རྨ་ཁ་གསོ་བ་དང་འབུ་ཕྲ་འགོག་པ། གཉན་ཚད་སེལ་བ་སོགས་ཀྱི་ནུས་པ་ཡང་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། སྦྲང་རྩིའི་ནང་གི་དབྱང་འགྱུར་རྩབས་དང་སྐྱུར་རྫས་མང་པོས་འབུ་ཕྲ་སྣ་ཚོགས་གསོད་ཐུབ་པ་རེད།
བོད་ལུགས་གསོ་རིག་གིས་མཆིན་པ་ནི་དུག་སེལ་གྱི་འབྱུང་ཁུངས་སུ་བརྩི་ཞིང་། སྦྲང་རྩིས་མཆིན་དུག་གཙང་སེལ་བྱེད་ཐུབ་པར་འདོད་ཀྱིན་ཡོད། སྦྲང་རྩིའི་ནང་དུ་རང་བྱུང་གི་གྲུབ་ཆ་མང་བས་ལུས་ཕུང་གི་རིམས་འགོག་མ་ལག་གི་བྱེད་ནུས་ཇེ་དྲག་ཏུ་གཏོང་ཞིང་། ཞོར་དུ་ལུས་ཕུང་གི་རང་གསོའི་ནུས་པ་ཡང་མཐོར་འདེགས་གཏོང་བ་རེད། སྲོག་ཆགས་ཀྱི་དངོས་བཤེར་ལས་མངོན་པ་ལྟར་ན། སྦྲང་རྩིའི་ནང་གི་དབྱང་འགྱུར་འགོག་པའི་གྲུབ་ཆ་ཡིས་མཆིན་པའི་གནོད་སྐྱོན་ཇེ་ཡང་དུ་གཏོང་ཐུབ་པས། ཡུན་རིང་དུ་འཐུང་ན་སྤྲི་དཀར་རྫས་ཀྱི་ཆུ་ཚད23%མཐོ་རུ་ཕྱིན་ནས་ལུས་ཕུང་གི་ནད་འགོག་ནུས་པ་ཆེ་རུ་འགྲོ་བ་རེད།
གཉིས་པ། སྦྲང་རྩིའི་དངོས་སྤྱོད་རིན་ཐང་དང་བཀོལ་སྤྱོད་བྱེད་ཐབས།
ཟླ་མཚན་འབབ་སྐབས་ཀྱི་ན་ཟུག་ཇེ་ཆུང་དུ་གཏོང་བ། དེར་སྦྲང་རྩི་དང་འོ་མ་གཉིས་མཉམ་དུ་བསྐོལ་ཏེ་འཐུང་དགོས། གསོ་བཅོས་བྱེད་ཐབས་འདི་ནད་ཐོག་ལག་ལེན་གྱིས་ར་སྤྲོད་བྱས་ཡོད་དེ། དེས་ཟླ་མཚན་འབབ་སྐབས་ཀྱི་ན་ཟུག་དངོས་གནས་ཇེ་ཆུང་དུ་གཏོང་ཐུབ།
ར་བཟི་དྭངས་ཤིང་མཆིན་པར་ཕན་པ། སྦྲང་རྩིའི་ནང་གི་ཤིང་འབྲས་མངར་རྫས་ཀྱིས་ཆང་བཅུད་སེལ་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཆང་འཐུང་བའི་སྔ་རྗེས་སུ་སྦྲང་རྩི་འཐུང་ན་མགོ་ན་བ་དང་མཆིན་པར་གནོད་སྐྱོན་ཐེབས་ཚད་ཇེ་ཆུང་དུ་གཏོང་ཐུབ་པ་རེད།
རྒྱུན་སྤྱོད་ཀྱི་གསོ་བཅོས། བོད་ལུགས་སྨན་པས་ཞོགས་པ་ཡར་ལངས་ནས་ལྟོ་སྟོང་དུ་སྦྲང་རྩིའི་ཆུ་འཐུང་བར་སྐུལ་འདེད་བྱས་ཡོད་དེ། དེ་ལྟར་བྱས་ན་རླུང་མཁྲིས་བད་ཀན་སྙོམས་སྒྲིག་དང་གཟུགས་གཞི་ལུས་སྟོབས་རྒྱས་པར་ཕན་པ་རེད།
གསུམ་པ། མཉམ་འཇོག་བྱ་ཡུལ་དང་འཛེམ་བྱ།
འཛེམ་ཡུལ། གཅིན་སྙི་ཟ་ཁུའི་ནད་པ་དང་ལོ1མན་གྱི་ཕྲུ་གུས་འཐུང་མི་འོས།
འཐུང་ཐབས། སྦྲང་རྩིའི་ཁྲོད་ཀྱི་འགྱུར་རྫས་རིགས་ལ་གཏོར་བརླག་མི་བྱེད་པའི་ཆེད་དུ། ཆུའི་དྲོད་ཚད་ཏུའུ60ལས་དམའ་དགོས།
སྡེབ་སྦྱོར་གྱི་འཛེམ་བྱ། བོད་སྨན་གྱིས་སྦྲང་རྩི་དེ་གཏེར་དངོས་རིགས་ཀྱི་སྨན་ཁ་ཤས་དང་མཉམ་དུ་སྤྱོད་མི་རུང་བ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་བརྗོད་ཡོད། དེང་རབས་ཞིབ་འཇུག་གིས་ཀྱང་ཙོང་སྒོག་དང་མཉམ་དུ་ཟ་མི་རུང་ཞེས་དྲན་སྐུལ་བྱས་ཡོད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།