ཁྲག་རེང་བའི་ནད་ཀྱི་ནད་རྟགས།
2025.04.21 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

ཁྲག་རེང་བའི་གནས་ཚུལ་འབྱུང་སྐབས། ཆེས་ལེགས་པའི་གསོ་བཅོས་དུས་ཚོད་དམ་འཛིན་བྱས་ཏེ། ཁྲག་རེང་བ་ལས་བསྐྱེད་པའི་གཞུག་ནད་ཚབས་ཆེན་སྔོན་འགོག་བྱ་དགོས། ཁྲག་རེང་བ་ལ་ནད་རྟགས་མངོན་གསལ་ཡོད་པས། གལ་ཏེ་གཤམ་གྱི་ནད་རྟགས་འདི་དག་བྱུང་ན། མྱུར་དུ་བརྟག་དཔྱད་བྱས་ཏེ་སྨན་བཅོས་བྱེད་པའི་གོ་སྐབས་བཟང་བོ་མི་ཤོར་བ་བྱ་དགོས།

གཅིག སྐད་ཆ་གསལ་བོར་མི་ཤོད་པ། ཁྲག་རེང་བ་ལ་རྐྱེན་བྱས་ཏེ་ཀླད་རྩ་འགག་པའི་སྐབས་སུ། ནད་པས་སྐད་ཆ་གསལ་བོ་མི་ཤོད་པ་དང་རྒྱུ་མཚན་མེད་པར་ཁ་ཆུ་བཞུར་བ། ཐུར་མ་དམ་པོར་འཛིན་མི་ཐུབ་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད་པ་དང་། དེ་ནི་རྒྱུན་པར་ཁྲག་ཤེད་མཐོ་བ་དང་ཁྲག་མངར་མཐོ་བ། ཁྲག་ཚིལ་མཐོ་བའི་ནད་པ་ལ་འབྱུང་བ་མང་། གཞན་མི་ལ་ལར་གློ་བུར་དུ་རྐང་ལག་ལ་ཤུགས་མེད་པར་འགྱུར་བ་དང་གོམ་པ་སྤོ་མི་ཐུབ་པ། བགྲོད་སྐབས་ཐང་ལ་འགྱེལ་སླ་བ། ལུས་པོའི་གཞོགས་གཅིག་སྦྲིད་པའམ་ཁ་ལྕེ་སྦྲིད་པ་སོགས་ཀྱི་སྣང་ཚུལ་ཡང་ཡོད།

གཉིས། རྐང་པ་སྐྲངས་པ་དང་མགོ་ཡུ་འཁོར་བ།  རྐང་བ་གཞོགས་གཅིག་གློ་བུར་དུ་སྐྲངས་པ་དང་ན་ཟུག་ཆེན་པོ་སྐྱེ་བ། ཡར་ལངས་སྐབས་ལུས་པོའི་ཆ་ཤས་ཁག་ཅིག་ལྗིད་ཡོར་རེར་འདུག་པ་སོགས་ཀྱི་སྣང་ཚུལ་ཡོད་ན་སྡོད་རྩ་རེང་བའི་ནད་ཡིན་སྲིད་པ་དང་། གལ་ཏེ་སྐད་ཅིག་ཙམ་ལ་མགོ་ཡུ་འཁོར་ཏེ་མཐོང་ལམ་ནག་ཐོམ་མེར་གྱུར་པ་དང་། སྐར་ཆ་འགའི་རྗེས་ནས་སླར་གསོ་བྱུང་བ་ཡིན་ན། ཁྲག་རེང་བའི་རྐྱེན་གྱིས་ཀླད་པར་ཁྲག་མཁོ་སྤྲོད་ཀྱིས་མ་འདང་བར་མ་ཟད། མིག་གི་མཐོང་བྱེད་དྲ་སྐྱིར་ཁྲག་དཀོན་པ་ཡིན་སྲིད་པས། དུས་ལྟར་སྨན་ཁང་ལ་འགྲོ་དགོས།

གསུམ། ཡུན་རིང་ལ་བཙོག་ན་དབུགས་ལེན་དཀའ་བ་དང་བྲང་ཁ་ན་བ། ཡུན་རིང་ལ་བཙོག་ནས་འདུག་པའམ་ལོག་ནས་འདུག་སྐབས་དབུགས་ལེན་དཀའ་བར་འགྱུར་བ་དང་། འགུལ་སྐྱོད་ཕྲན་ཙམ་བྱས་ན་ནད་བབས་ཚབས་ཆེར་འགྲོ་བ་སོགས་ཀྱི་སྣང་ཚུལ་ཡོད་ན་གློ་རྩ་འགག་པར་དོགས་ཟོན་བྱ་དགོས། གཞན་མྱུར་བའི་རང་བཞིན་གྱི་སྙིང་རྩ་འགག་པའི་ནད་པར་ནད་མ་བྱུང་བའི་སྔོན་གྱི་གཟའ་འཁོར་གཅིག་གི་ནང་དུ་བྲང་ཁ་ན་བ་དང་སེམས་འཚབ་པ། ལུས་ཡོངས་ལ་ཤུགས་མེད་པ་སོགས་ཀྱི་ནད་རྟགས་འབྱུང་ངེས་བས།  དུས་ལྟར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།