བུད་མེད་ལ་མཚོན་ནས་བཤད་ན། གཉིད་ལོག་པ་མི་བཟང་བའི་སྣང་ཚུལ་འབྱུང་ཚད་དེ་སྐྱེས་པའི་ལྡབ་གཉིས་ཡིན། ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། མཚན་མའི་སྐུལ་རྩིའི་ཟགས་ཐོན་གྱིས་གཉིད་ཀྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་དང་། གཉིད་ཀྱིས་མཚན་མའི་གཤེར་རྨེན་སྐུལ་རྩིའི་ཟགས་ཐོན་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། བུད་མེད་ལ་མཚོན་ནས་བཤད་ན། ཟླ་མཚན་འབབ་པའི་དུས་སྐབས་དང་ལང་ཚོའི་དུས་སྐབས། མངལ་སྦྲུམ་པའི་དུས། ཟླ་མཚན་ཆད་པའི་དུས་སོགས་ཀྱི་འབྲེལ་ཡོད་སྐྱེ་ལུགས་འགྱུར་ལྡོག་གིས་གཉིད་ཀྱི་སྤུས་ཚད་དང་འཚོ་བའི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་སྲིད།
སྐུལ་རྩིའི་འགྱུར་ལྡོག་ནི་བུད་མེད་ཀྱི་གཉིད་ཡེར་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
ཟླ་མཚན་དུས་དང་འབྲེལ་བའི་གཉིད་ལོག་པའི་འགོག་རྐྱེན་ལ་ཟླ་མཚན་གྱི་དུས་སྐབས་སྔོན་གྱི་གཉིད་ཡེར་བ་དང་གཉིད་ལོག་མི་འདོད་པ། ཟླ་མཚན་ཆད་པའི་དུས་སྐབས་ཀྱི་གཉིད་ཡེར་བ་བཅས་ཡོད། བུད་མེད་ལ་ཟླ་མཚན་གྱི་དུས་སྐབས་སྔོན་དུ་གཉིད་ལོག་དཀའ་བའི་གནས་ཚུལ་འབྱུང་སྲིད་པ་དང་། གསོ་བཅོས་བྱེད་སྐབས་ཁོལ་ཧྥེ་རྒྱུའི་བསྟེན་ཚད་ལ་ཚོད་འཛིན་བྱེད་པ་དང་ཚྭ་ཉུང་བའི་བཟའ་བཏུང་བསྟེན་པ། ཟ་ཚད་ཇེ་ཉུང་དུ་གཏོང་བ་དང་ཟས་ཐུན་ཇེ་མང་དུ་གཏོང་བ་སོགས་སྤྱོད་ལམ་ལེགས་བཅོས་ཀྱི་བྱེད་ཐབས་སྤྱད་ཆོག
མངལ་སྦྲུམ་པའི་དུས་སྐབས་ཀྱི་བུད་མེད་ལའང་རྒྱུན་པར་གཉིད་ལོག་པ་མི་བཟང་བའི་གནས་ཚུལ་འབྱུང་བཞིན་ཡོད་པ་དང་། རྒྱུ་རྐྱེན་གཙོ་བོ་ནི་མངལ་སྦྲུམ་པའི་དུས་སྔོན་དུ་མཚན་མའི་སྐུལ་རྩིའི་ཆུ་ཚད་ཇེ་མཐོར་སོང་བ་དང་
མངལ་སྦྲུམ་པའི་དུས་དཀྱིལ་དང་དུས་མཇུག་ཏུ་བུ་སྣོད་ཆེ་རུ་ཕྱིན་པ་དང་བསྟུན་ནས་ལུས་པོར་མི་བདེ་བའི་སྣང་ཚུལ་བྱུང་བ་སོགས་ཡོད། མངལ་སྦྲུམ་པའི་དུས་སྐབས་ཀྱི་གཉིད་ལོག་པའི་འགོག་རྐྱེན་གསོ་བཅོས་བྱེད་པའི་བྱེད་ཐབས་ལ་སྐེད་པ་ན་བ་དང་སྐྱུག་མེར་ལངས་པ། གཅིན་གཏོང་ཐེངས་མང་བ་སོགས་ཀྱི་གནས་ཚུལ་ལེགས་བཅོས་བྱེད་དགོས། དཔེར་ན། འཁྱག་ཟས་དང་ཚྭ་མང་བའི་ཟས་རིགས། ཁོལ་ཧྥེ་རྒྱུ་སོགས་ཀྱི་བསྟེན་ཚད་ཇེ་ཉུང་དུ་གཏོང་བ། དགོང་མོར་ཆུ་ཉུང་འཐུང་བྱེད་པ། ཟུར་ཉལ་བྱེད་པ་སོགས་དམིགས་སའི་རང་བཞིན་གྱི་བྱེད་ཐབས་སྤྱད་ཆོག
ཟླ་མཚན་ཆད་རྗེས་བུད་མེད་ལ་གཉིད་ཡེར་བའི་གནས་ཚུལ་འབྱུང་བ་ནི་རོ་ཙ་ཉམས་པའི་དུས་སྐབས་ཀྱི་ནད་རྟགས་ཤིག་ཡིན། རྒྱུ་རྐྱེན་ནི་ཕྱོགས་གཅིག་ནས་སྐུལ་རྩིའི་ཆུ་ཚད་ལ་འགྱུར་ལྡོག་བྱུང་བ་དང་འབྲེལ་བ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་བུད་མེད་ལ་ཟླ་མཚན་ཆད་རྗེས་འབྱུང་སྲིད་པའི་སེམས་འཚབ་པ་དང་ཡི་མུག་པ་སོགས་སེམས་ཁམས་ཀྱི་ནད་རིགས་དང་འབྲེལ་བ་ཡོད། བུད་མེད་ལ་ཟླ་མཚན་ཆད་རྗེས་སྐུལ་རྩིའི་ཆུ་ཚད་ཇེ་དམར་སོང་བ་ལས་གཉིད་ལ་འགོག་རྐྱེན་སྣ་ཚོགས་བཟོ་སྲིད་པ་དང་གཉིད་ཡེར་བའ་གནས་ཚུལ་ཡང་འབྱུང་སྲིད། གཉིད་ཡེར་བ་དང་འབྲེལ་བའི་ནད་ལ་ད་རུང་རྐང་བ་མི་བདེ་བའི་རྟགས་འདུས་དང་གཉིད་ལོག་པའི་དུས་ཀྱི་འཁོར་ཡུན་རང་བཞིན་གྱི་རྐང་བ་འགུལ་བ་སོགས་ཡོད་ལ། ལོ་ན་ཆེ་རུ་ཕྱིན་པ་དང་བསྟུན་ནས་ནད་འབྱུང་ཚད་ཀྱང་ཇེ་མཐོར་འགྲོ་སྲིད།
བུད་མེད་རྣམས་དགོང་མོ་གཉིད་ལོག་པ་མི་བཟང་ན། བྱེད་ཐབས་འདི་དག་སྤྱད་ཆོག
ལོ་ཚོད་གང་གི་བུད་མེད་ཡིན་རུང་། དགོང་མོ་ཉལ་བ་ཇི་ལྟར་འཕྱི་ཡང་ཕྱིར་ཉིན་གཉིད་ཁ་གསབ་བྱེད་མི་དགོས། གལ་ཏེ་ཉིན་གུང་གཉིད་པའི་གོམས་གཤིས་ཡོད་ན། ཅུང་ཙམ་ལ་གཉིད་ཆོག་མོད། འོན་ཀྱང་གཉིད་པའི་དུས་ཡུན་སྐར་མ་སུམ་ཅུ་ལས་བརྒལ་མི་རུང་། མ་གཉིད་པའི་སྔོན་གྱི་ཆུ་ཚོད་བཞིའི་ཡས་མས་སུ་ཚིག་ཇ་དང་ཁུ་ནག ཆང་བཅུད་འདུས་པའི་བཏུང་ཆུའི་རིགས་མ་འཐུང་ན་བཟང་བ་དང་ཚྭ་མང་བ་སོགས་ཀྱི་ཟས་རིགས་ཀྱང་མ་ཟོས་ན་བཟང་། གཉིད་ལོག་པའི་སྔོན་ལ་འགུལ་སྐྱོད་དྲག་པོ་བྱེད་མི་རུང་བ་དང་ཁ་པར་སོགས་གློག་རྡུལ་ཡོ་ཆས་སྤྱོད་མི་རུང་། ཡིད་འཇོག་བྱེད་དགོས་པ་ཞིག་ལ། གལ་ཏེ་གོང་གི་བྱེད་ཐབས་སྤྱད་ཀྱང་གཉིད་ཀྱི་སྤུས་ཚད་ལེགས་བཅོས་བྱེད་མི་ཐུབ་ན། དུས་ལྟར་སྨན་པར་སྟོན་དགོས་པ་ལས། གཉིད་སྨན་གང་འདོད་དུ་བསྟེན་མི་རུང་།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།