ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་རྫས་ཐོ་འགོད་དོ་དམ་བྱ་བར་ཤུགས་སྣོན་རྒྱུ་རེད།
2025.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།    ད་ལོར་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་རྫས་ཐོ་འགོད་དོ་དམ་བྱ་བར་ཤུགས་བསྣན་ནས་ན་ནིང་གཏན་འབེབས་བྱས་ཏེ་ཕྱིར་བཏོན་པའི་ས་གནས་སྨན་རྫས་ཚད་གཞིའི་ལམ་ལུགས་བཟོ་བཅོས་བྱ་བའི་གོ་རིམ་དང་། སྨན་རྫས་དང་སྨན་ཁང་གི་བཟོས་སྨན་སྤུས་ཚད་ཚད་གཞི་མཐོར་འདེགས་གཏོང་བའི་འཆར་གཞི་སྤེལ་བའི་རྨང་གཞི་སྟེང་དུ།   སྨན་རྫས་རིགས་ཉེར་ལྔ་དང་བཟོས་སྨན་རིགས་དྲུག་ཅུའི་ཚད་གཞིའི་ལམ་ལུགས་ཀྱི་བཟོ་བཅོས་ལས་གཞི་སྤེལ་མགོ་བརྩམས་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་བའི་སྐབས་སུ་མཚོ་སྔོན་ཚད་གཞིའི་སྨན་རྫས་རིགས་བརྒྱ་དང་བཟོས་སྨན་རིགས་བརྒྱ་དང་ལྔ་བཅུར་འཕར་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།

སྨན་རྫས་ཐོ་འགོད་དོ་དམ་ནི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་གོ་རིམ་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་།   སྨན་རྫས་ཁྲིམས་མཐུན་ལུགས་མཐུན་ངང་ཁྲོམ་རར་མཁོ་འདོན་བྱེད་པའི་གནད་འགག་ཡིན།   མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་སྐུལ་དོ་དམ་ཅུའུ་ཡིས་བཀོད་སྒྲིག་བཟང་བོ་དང་བླང་བྱ་ནན་མོ་བཏོན་ནས་ཉིས་སྟོང་ཉེར་ལྔ་ལོའི་སྨན་རྫས་བདེ་འཇགས་ཐད་ཀྱི་ལྟ་སྐུལ་དོ་དམ་བྱ་བར་མཐུན་སྦྱོར་སྐུལ་འདེད་གཏོང་བ་དང་།   ན་ནིང་ཞིང་ཆེན་ཡོངས་ཀྱི་སྨན་རྫས་སྤུས་ཚད་ཚད་གཞི་དང་ཐོན་སྐྱེད་བྱ་བའི་མི་འདང་སར་ཞིབ་བཤེར་བྱས་པའི་རྨང་གཞིའི་སྟེང་།  རིགས་དང་རིམ་པ་བགར་བ་སོགས་བྱས་ཏེ་ཐོན་སྐྱེད་བྱེད་སའི་སྨན་རྫས་སྤུས་ཚད་ཚོད་འཛིན་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད།

ལྷ་མོ་ཚེ་རིང་གིས་བསྒྱུར།