བྱིས་པ་འཚར་ལོངས་འབྱུང་བའི་གོ་རིམ་ཁྲོད་དུ། ལུས་པོར་ཀལ་འབོར་ཆེན་དགོས་པ་ཡིན། འཚོ་རྒྱུ D ཉུང་ན་ཀལ་གཞི་རྒྱུ་བསྡུ་ལེན་བྱེད་ཚད་ཇེ་ཉུང་དུ་འགྲོ་བས། ནུ་སོ་སྐྱེ་དལ་བར་མ་ཟད། རུས་སྒྲོམ་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། ཕ་མ་རྣམས་ཀྱིས་ལོ་གསུམ་མ་ལོན་པའི་བྱིས་པར་འཚོ་རྒྱུ D དང་ཀལ་དཀོན་པའི་གནས་ཚུལ་ཡོད་མེད་ལ་མཉམ་འཇོག་བྱེད་དགོས་པ་དང་། ལྷག་པར་དུ་གཤམ་གྱི་བྱིས་པ་འདིའི་རིགས་ལ་འཚོ་རྒྱུ D དང་ཀལ་འདང་ཡོད་མེད་ལ་མཉམ་འཇོག་བྱེད་དགོས་ཤིང་། གལ་ཏེ་འཚོ་རྒྱུ D དང་ཀལ་དཀོན་པའི་གནས་ཚུལ་བྱུང་ན། དུས་ལྟར་ཁ་གསབ་བྱེད་དགོས།
གཅིག དགུན་ཁར་སྐྱེས་པའི་བྱིས་པ།
དགུན་ཁར་གནམ་གཤིས་གྲང་ངར་ཆེ་བས་ཕ་མས་བྱིས་པ་ཕྱི་རོལ་དུ་ཁྲིད་ཚད་ཉུང་བ་དང་བྱིས་པ་ཉི་མར་ལྡེ་ཚད་མི་འདང་བ་སོགས་ཀྱིས་ལུས་པོའི་འཚོ་རྒྱུ D འདྲེས་གྲུབ་བྱེད་ཚད་མི་འདང་བར་འཚོ་རྒྱུ D དཀོན་པའི་གནས་ཚུལ་འབྱུང་སླ་ཞིང་། དེ་དང་འབྲེལ་ནས་ཀལ་གྱི་བསྡུ་ལེན་དང་བརྗེ་ཚབ་ལ་ཤུགས་རྐྱེན་ཐེབས་སྲིད། དེ་བས། བྱིས་པ་སྐྱེས་ནས་ཉིན་བཅུ་བཞི་འགོར་རྗེས། སྔོན་འགོག་རྣམ་པའི་ཀལ་ཁ་གསབ་བྱེད་མགོ་རྩོམ་དགོས་པ་དང་། ཟླ་གསུམ་འགོར་རྗེས་ཀལ་རྗས་འོས་འཚམ་གྱིས་ཁ་གསབ་བྱེད་དགོས།
གཉིས། སྐྱེ་མ་རན་པར་སྐྱེས་པའི་བྱིས་པ།
མངལ་སྦྲུམ་པའི་དུས་དཀྱིལ་དང་དུས་མཇུག་ནི་བྱིས་པས་ཀལ་གསོག་འཇོག་དང་རུས་སྒྲོམ་འཚར་སྐྱེ་འབྱུང་བའི་གནད་འགག་གི་དུས་སྐབས་ཡིན། སྐྱེ་མ་རན་པར་སྐྱེས་པའི་བྱིས་པའི་ལུས་སྟེང་གི་རུས་པའི་ཀལ་རྒྱུའི་ཚད་དེ་བདེ་ཐང་གི་གསར་སྐྱེས་བྱིས་པ་ལས་ཉུང་བ་ཡིན། དེར་མ་ཟད། སྐྱེ་མ་རན་པར་སྐྱེས་པའི་བྱིས་པས་རྗེས་འདེད་རང་བཞིན་གྱི་འཚར་སྐྱེའི་དུས་རིམ་ཞིག་བརྒྱུད་དགོས་པས། འཚོ་རྒྱུ D དང་ཀལ་གྱི་དགོས་མཁོ་ནི་བདེ་ཐང་གི་གསར་སྐྱེས་བྱིས་པ་ལས་མཐོ་བ་ཡིན། གལ་ཏེ་སྐབས་དེར་ཀལ་དང་འཚོ་རྒྱུ D ཁ་གསབ་མ་བྱས་ན། བྱིས་པའི་འཚར་སྐྱེ་དང་རུས་སྒྲོམ་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད། དེ་བས། སྐྱེ་མ་རན་པར་སྐྱེས་པའི་བྱིས་པ་སྐྱེས་མ་ཐག་ནས་འཚོ་རྒྱུ D ཁ་གསབ་བྱེད་དགོས། སྐྱེ་མ་རན་པར་སྐྱེས་པའི་བྱིས་པའི་མཆིན་པ་དང་མཁལ་མའི་བྱེད་ནུས་མི་བཟང་བས། ཀལ་དང་འཚོ་རྒྱུ D ཡི་རིགས་དང་འཐུང་ཚད་ཐད་ནས་བྱིས་པའི་སྨན་པར་འདྲི་ཞིབ་བྱས་ཏེ་བྱིས་པའི་ལུས་ཕུང་གི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་དགོས་པ་ལས། ཁྱིམ་བདག་གིས་རང་དགར་ཐག་གཅོད་མི་རུང་།
གསུམ། ཨ་མའི་མངལ་སྦྲུམ་པའི་དུས་དང་ནུ་ཞོ་བསྣུན་པའི་དུས་སུ་འཚོ་རྒྱུ D དང་ཀལ་དཀོན་པའི་བྱིས་པ།
སྦྲུམ་བུའི་འཚོ་བཅུད་ཡོད་ཚད་ཨ་མ་ལས་བྱུང་བ་ཡིན་པས། གལ་ཏེ་མངལ་སྦྲུམ་པའི་དུས་སུ་ཨ་མའི་ཀལ་དང་འཚོ་རྒྱུ D བསྡུ་ལེན་མ་འདང་ན། བྱིས་པ་སྐྱེས་པའི་རྗེས་ནས་འཚོ་རྒྱུ D དང་ཀལ་མི་འདང་བའི་གནས་ཚུལ་འབྱུང་སླ། དེ་དང་འདྲ་བར། ཨ་མའི་ནུ་ཞོ་ནི་བྱིས་པའི་བཟའ་བཏུང་གི་འབྱུང་ཁུངས་གཙོ་བོ་ཡིན་པས། གལ་ཏེ་ཨ་མས་ཉིན་རྒྱུན་གྱི་བཟའ་བཏུང་ཁྲོད་ནས་ཀལ་དང་འཚོ་རྒྱུ D བསྡུ་ལེན་མ་འདང་ན། ཐད་ཀར་དུ་བྱིས་པས་ཀལ་དང་འཚོ་རྒྱུ D བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། དེ་བས། ཨ་མས་མངལ་སྦྲུམ་པའི་དུས་ནས་ཀལ་ཁ་གསབ་བྱེད་རྒྱུར་དོ་སྣང་བྱས་ནས་ཉིན་རེར་འོ་མ་ཧའོ་ཧྲིན་ལྔ་བརྒྱ་འཐུང་དགོས་པར་མ་ཟད། ཀལ་རྫས་དང་འཚོ་རྒྱུ D འོས་འཚམ་སྒོས་ཁ་གསབ་བྱེད་དགོས། ནུ་ཞོ་བསྣུན་པའི་དུས་སུའང་ཨ་མས་འོ་བཟོས་ཟས་རིགས་དང་སྲན་མའི་རིགས། ཉ་ཤ། ཆུ་འབུ་གློ་ཉལ་སོགས་ཀལ་འདུས་ཚད་མཐོ་བའི་ཟས་རིགས་བསྟེན་དགོས།
བཞི། སྐྱེ་འཚར་ཅུང་མགྱོགས་པའི་བྱིས་པ།
ལོ་གཉིས་ལ་མ་བུད་པའི་སྔོན་ནི་བྱིས་པ་སྐྱེ་འཚར་གྱི་གོ་རིམ་ནང་གི་མཐོ་རླབས་ཐོག་མ་ཡིན་པ་དང་། སྐབས་དེར་འཚོ་རྒྱུ D དང་ཀལ་གྱི་དགོས་མཁོ་ཧ་ཅང་ཆེ། གལ་ཏེ་བྱིས་པ་སྐྱེ་འཚར་འབྱུང་ཚད་ལོ་ན་མཚུངས་པའི་བྱིས་པ་དང་བསྡུར་ན་མངོན་གསལ་གྱིས་མགྱོགས་ཚེ། འཚོ་རྒྱུ D དང་ཀལ་གྱི་དགོས་མཁོ་དེ་ལས་ཀྱང་ཆེ་བ་ཡིན། དེ་བས། ཕ་མས་བྱིས་པར་འཚོ་རྒྱུ D དང་ཀལ་དཀོན་པའི་གནས་ཚུལ་ཡོད་མེད་ལ་དོ་སྣང་ཆེན་པོ་བྱེད་དགོས། ལོ་གཅིག་ལ་མ་བུད་པའི་བྱིས་པའི་ཉིན་རེ་རེའི་འོ་མ་འཐུང་ཚད་ཧའོ་ཧྲིན་དྲུག་བརྒྱ་ལས་མང་དགོས་པ་དང་། ལོ་གཅིག་ནས་གཉིས་བར་གྱི་བྱིས་པའི་ཉིན་རེ་རེའི་འོ་མ་འཐུང་ཚད་ཧའོ་ཧྲིན་ལྔ་བརྒྱ་ལས་མང་དགོས་པར་མ་ཟད། སྲན་ཞོ་སོགས་ཀལ་གྱི་འདུས་ཚད་མཐོ་བའི་ཟས་རིགས་ཁ་སྣོན་བྱེད་པར་དོ་སྣང་བྱེད་དགོས། གལ་ཏེ་བྱིས་པར་འཚོ་རྒྱུ D དང་ཀལ་དཀོན་པའི་གནས་ཚུལ་ཡོད་ན། ཆེད་ལས་སྨན་པར་འདྲི་ཞིབ་བྱས་ཏེ་དུས་ལྟར་ཁ་གསབ་བྱེད་དགོས།
ལྔ། རྒྱུན་དུ་ཁོག་པ་བཤལ་བའི་བྱིས་པ།
དུས་ཡུན་རིང་བོར་ཁོག་པ་བཤལ་ན་འཚོ་རྒྱུDདང་ཀལ་གྱི་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་སྲིད། དེ་བས། བྱིས་པར་ཁོག་པ་བཤལ་བའི་གནས་ཚུལ་ཡོད་ན་དུས་ལྟར་གསོ་བཅོས་བྱེད་དགོས་པར་མ་ཟད། ཆུར་ཞུ་རང་བཞིན་གྱི་འཚོ་རྒྱུ D བསྟེན་དགོས་ལ། ཞོར་དུ་འོས་འཚམ་སྒོས་ཀལ་རྫས་བསྟེན་དགོས།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།