སྐྲན་ནད་སྔ་དུས་ཀྱི་བརྟག་དཔྱད་ཤིན་ཏུ་གལ་ཆེ།
2025.04.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

སྐྲན་ནད་ནི་མིའི་རིགས་ཀྱི་བདེ་ཐང་གི་འཇིགས་སྐུལ་ཆེ་ཤོས་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་པའི་སྤྱི་བའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་རེད། གསོ་རིག་ཞིབ་འཇུག་རྒྱུན་མི་ཆད་པར་ཇེ་ཟབ་དང་ཚན་རིག་ལག་རྩལ་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་བ་དང་བསྟུན་ནས། མི་རྣམས་ཀྱིས་སྨན་བཅོས་དང་བསྡུར་ན་སྔོན་འགོག་བྱ་རྒྱུ་ནི་དེ་བས་གལ་ཆེན་ཡིན་པ་རྟོགས་ཡོད་ཅིང་། སྔོན་འགོག་གི་ཐབས་ཇུས་ཁྲོད་སྐྲན་ནད་སྔ་དུས་ཀྱི་བརྟག་དཔྱད་ནི་དེ་བས་ཀྱང་གནད་འགག་རེད།

སྐྲན་ནད་སྔ་དུས་ཀྱི་བརྟག་དཔྱད་ལ་མཐོང་ཆེན་བྱེད་དགོས་དོན་ཅི་ཡིན་ཞེ་ན།

ཚན་རིག་ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། སྐྲན་ནད་སྔ་དུས་ཀྱི་བརྟག་དཔྱད་ཀྱིས་ནད་པ་མང་པོར་སྔ་མོ་ནས་ནད་ཤེས་རྟོགས་དང་སྔ་མོ་ནས་སྨན་བཅོས་བྱེད་དུ་བཅུག་སྟེ། སྨན་བཅོས་ཀྱི་ཕན་འབྲས་ལེགས་པོ་ཐོབ་བཞིན་ཡོད་པ་དང་།  སྐྲན་ནད་ལས་ཤི་ཚད་ཀྱང་ཇེ་དམར་གཏོང་བཞིན་ཡོད། སྔ་དུས་ཤེས་རྟོགས་བྱུང་བའི་འབྲས་སྐྲན་དང་། ཐ་ན་འབྲས་སྐྲན་སྔོན་གྱི་ནད་འགྱུར་ནི། སྨན་བཅོས་བྱེད་ཐབས་ལྟོས་བཅས་ཀྱིས་སྟབས་བདེ་ཡིན་པ་དང་། སྨན་བཅོས་འགྲོ་གྲོན་ཡང་ཇེ་ཉུང་དུ་གཏོང་ཐུབ་པས།  ནད་པ་དང་ཁྱིམ་མིའི་དཔལ་འབྱོར་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ། དཔེར་ན། ནུ་མའི་འབྲས་སྐྲན་སྔ་དུས་ནས་ཤེས་རྟོགས་བྱུང་རྗེས་ནད་པས་ནུ་སྲུང་གཤགས་བཅོས་བྱས་ཆོག་པ་དང་། ནད་པ་མང་པོ་ཞིག་གིས་རྫས་འགྱུར་སྨན་བཅོས་ཀྱི་སྡུག་བསྔལ་ཡང་མྱོང་མི་དགོས། འོན་ཀྱང་གལ་ཏེ་འབྲས་སྐྲན་ལུས་ཡོངས་སུ་ཁྱབ་རྗེས་ད་གཟོད་ཤེས་རྟོགས་བྱུང་ན་ནད་པའི་འཚོ་གནས་དུས་ཡུན་ཐུང་བ་དང་འཚོ་བའི་སྤུས་ཚད་ཇེ་ཞན་དུ་འགྲོ་བར་མ་ཟད། སྨན་བཅོས་འགྲོ་གྲོན་གྱིས་ནད་པའི་ཁྱིམ་མི་ལ་དཔལ་འབྱོར་གྱི་ཁུར་པོ་ལྕི་མོ་སྤྲོད་སྲིད།

སྐྲན་ནད་སྔ་དུས་ཀྱི་བརྟག་དཔྱད་བྱེད་དུས་ཅི་ཞིག་ལ་དོ་སྣང་བྱེད་དགོས།

རང་སྟེང་གི་སྐྲན་ནད་འབྱུང་བའི་ཉེན་ཁ་ལ་རྒྱུས་ལོན་བྱེད་དགོས། མི་རེ་རེར་རིགས་མི་འདྲ་བའི་སྐྲན་ནད་ཕོག་པའི་ཉེན་ཁ་མི་འདྲ་བས་རང་ལ་སྐྲན་ནད་གང་འབྱུང་བའི་ཉེན་ཁ་ཡོད་པ་ཤེས་རྗེས་དེ་ལ་འབྲེལ་ཡོད་ཀྱི་བརྟག་དཔྱད་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། ཁྱིམ་རྒྱུད་ཀྱི་སྐྲན་ནད་ལོ་རྒྱུས་དང་འཚོ་བའི་གོམས་གཤིས་མི་ལེགས་པ། དམིགས་བསལ་གྱི་ནད་དུག་འགོས་པའི་གནས་ཚུལ་ཏེ་དཔེར་ན་མཆིན་པའི་ནད་དུག་ཁ་བ་དང་མིའི་ནུ་ཏོག་སྐྲན་གྱི་ནད་དུག་འགོས་པའམ་ཡང་ན་དམིགས་བསལ་གྱི་ནད་རིགས་བྱུང་མྱོང་བ་ལ་སྐྲན་ངན་ཁ་ཤས་འབྱུང་བའི་ཉེན་ཁ་ཆེ་བས། ལུས་པོ་བརྟག་དཔྱད་ཀྱི་འཆར་འགོད་ལེགས་པོ་བྱེད་དགོས། སྐྲན་ནད་ཀྱི་བརྟག་དཔྱད་ནི་ཐེངས་གཅིག་ལ་བྱས་པ་ཙམ་གྱིས་མི་ཚེ་གང་བོར་གནད་དོན་མེད་པ་ཞིག་མིན། དེ་ལ་དུས་ཡུན་རིང་པོའི་བརྟག་དཔྱད་ཀྱི་འཆར་གཞི་བཟོ་དགོས། དཔེར་ན། ལོ40ཡན་གྱི་གཉེན་སྒྲིག་བྱས་ཟིན་པ་དང་། ཁྱིམ་རྒྱུད་དུ་སྐྲན་ནད་བྱུང་བའི་ལོ་རྒྱུས་མེད་ཅིང་དུ་བ་མི་འཐེན་ནའང་རྒྱུན་དུ་ཚིལ་དང་སྤྲི་དཀར་མཐོ་བའི་ཟས་རིགས་ཟ་རྒྱུར་དགའ་བའི་བུད་མེད་ཞིག་ཡིན་ན། ལོ་གཅིག་ནས་གཉིས་བར་མཉམ་འབྲེལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་ལ། བསྟུད་མར་ཐེངས་གཉིས་ཀྱི་མངལ་སྐེ་ཕྲ་ཕུང་རིག་པའི་བརྟག་དཔྱད་སོགས་རྒྱུན་ལྡན་ཡིན་ན། ལོ་གསུམ་ལ་བརྟག་དཔྱད་ཐེངས་གཅིག་བྱེད་དགོས། ལོ45ཡི་རྗེས་ནས་རྒྱུ་ཤེལ་གྱི་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་པར་མ་ཟད། མཇུག་འབྲས་གཞིར་བཟུང་ནས་ཐེངས་རྗེས་མའི་བརྟག་དཔྱད་ཀྱི་དུས་ཚོད་གཏན་འཁེལ་བྱེད་དགོས། ལོ65ཡི་རྗེས་ནས་གལ་ཏེ་མངལ་སྐེ་ཕྲ་ཕུང་རིག་པའི་བརྟག་དཔྱད་སྔར་བཞིན་སྲིབ་གཤིས་ཡིན་ན་མངལ་སྐེའི་འབྲས་སྐྲན་གྱི་བརྟག་དཔྱད་གནས་སྐབས་སུ་མཚམས་བཞག་ཆོག འོན་ཀྱང་ནུ་མའི་གཤེར་རྨེན་དང་འཇུ་ལམ་སྐྲན་ནད་ཀྱི་བརྟག་དཔྱད་སྔར་བཞིན་མུ་མཐུད་དུ་བྱེད་དགོས།

བརྟག་དཔྱད་མཇུག་འབྲས་ལ་ཚན་རིག་དང་མཐུན་པའི་ལྟ་སྟངས་འཛིན་དགོས། སྐྲན་ནད་བརྟག་དཔྱད་ཀྱི་གོ་རིམ་ཁྲོད་ཚང་མས་གང་དག་ནི་བརྟག་དཔྱད་རང་བཞིན་གྱི་ཞིབ་བཤེར་དང་གང་དག་ནི་ནད་དཔྱད་རང་བཞིན་གྱི་ཞིབ་བཤེར་ཡིན་པ་ཡང་དག་སྒོས་དབྱེ་བ་འབྱེད་ཤེས་དགོས།

བརྟག་དཔྱད་ཀྱི་དམིགས་ཡུལ་ནི་གཙོ་བོ་སྟབས་བདེ་དང་རིན་དམའ་བའི་བྱེད་ཐབས་ལ་བརྟེན་ནས་ནད་ཤེས་རྟོགས་བྱེད་པ་དང་དེ་ལ་ནད་དཔྱད་རང་བཞིན་གྱི་ཞིབ་བཤེར་སྔར་བས་བཟང་བོ་བྱེད་ཆེད་ཡིན།

སྔ་དུས་ཀྱི་བརྟག་དཔྱད་ཁ་ཤས་ཀྱི་མཇུག་འབྲས་ནི100%ཡང་དག་ཡིན་པའི་ངེས་པ་མེད་པར། གདགས་གཤིས་དང་སྲིབ་གཤིས་རྫུན་མ་ཡིན་ཡང་སྲིད་ལ། དུས་ཡུན་ངེས་ཅན་ཞིག་ལ་ལྟ་ཞིབ་དང་རྗེས་འདེད་བྱས་རྗེས་སྡོམ་ཚིག་འགོད་དགོས་ཀྱང་སྲིད། དཔེར་ན། ལོང་གའི་འབྲས་སྐྲན་བརྟག་དཔྱད་བྱེད་པའི་གོ་རིམ་ཁྲོད་གལ་ཏེ་གཞང་བའི་ནང་དུ་མི་མངོན་པའི་ཁྲག་གི་གྲུབ་ཆ་ཡོད་ན་ཡང་དེ་ནི་རྒྱུ་མའི་སྐྲན་ནད་ཡོད་ཁོ་ཐག་ཡིན་པའི་ངེས་པ་མེད་པས།  རྒྱུ་ཤེལ་གྱི་བརྟག་དཔྱད་ལ་བརྟེན་ནས་མུ་མཐུད་དུ་ངོས་འཛིན་དགོས། མི་ལ་ལའི་བྲང་ཁའིCTརུ་ཐོག་མར་ནད་རྟགས་མངོན་ནའང་དེས་གློ་བར་སྐྲན་ནད་ཡོད་པ་མི་མཚོན་པར་གཉན་ཚད་ཡིན་ཡང་སྲིད་པས། དུས་ཡུན་ངེས་ཅན་ཞིག་ལ་ལྟ་ཞིབ་བྱས་རྗེས་ད་གཟོད་སྡོམ་ཚིག་འགོད་དགོས།

བརྟག་དཔྱད་ཀྱི་གོ་རིམ་ཁྲོད་དུ། སྐབས་འགར་བརྟག་དཔྱད་ཀྱི་མཇུག་འབྲས་ནི་གདགས་གཤིས་མིན་ནའང་། གལ་ཏེ་མི་བདེ་བ་ཡོད་ན་སྔར་བཞིན་སྨན་བཅོས་བྱེད་དུ་འགྲོ་དགོས། སྐྲན་ནད་སྔ་དུས་ཀྱི་བརྟག་དཔྱད་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྐྲན་ནད་འགོག་བཅོས་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཡིན། སྐྲན་ནད་བྱུང་རྗེས་ང་ཚོས་སྣང་མེད་དུ་མི་འཇོག་པར་རང་འགུལ་གྱིས་སྨན་བཅོས་བྱེད་ཐབས་འཚོལ་དགོས་ཏེ།  སྔ་དུས་བརྟག་དཔྱད་བྱས་ནས་སྔ་མོ་ནས་སྨན་བཅོས་བྱེད་པའི་ཐབས་ཇུས་བརྒྱུད་དེ་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།