སྤྱིར་བཏང་གི་སྨེ་བ་དང་མདོག་རྒྱུ་ནག་པོའི་འབྲས་སྐྲན་གྱི་ཁྱད་པར་ཇི་ལྟར་འབྱེད་དགོས།
2025.05.09 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

མི་མང་པོ་ཞིག་གིས་རྐང་བའི་ཐོག་ཏུ་སྨེ་བ་བུད་ཚེ་སྐྱི་པགས་འབྲས་སྐྲན་ཡིན་མིན་ལ་སེམས་ཁུར་བྱེད་པ་རེད།  ཆེད་མཁས་པས་གནད་དོན་དེའི་ཐད་དུ་འགྲེལ་བཤད་བྱས་པ་ལྟར་ན།  མདོག་རྒྱུ་ནག་པོའི་འབྲས་སྐྲན་ནི་མདོག་རྒྱུ་ནག་པོའི་ཕྲ་ཕུང་གི་སྐྱེ་འཕེལ་རྒྱུན་ལྡན་མིན་པར་གྱུར་པ་ལས་བསྐྱེད་པའི་སྐྱི་པགས་ཀྱི་ངན་གཤིས་འབྲས་སྐྲན་རིགས་ཤིག་ཡིན་ལ། མང་ཆེ་བར་ལག་མཐིལ་དང་རྐང་མཐིལ་སོགས་སུ་འབུད་སླ་བ་ཡིན།  ཡིན་ནའང་། དེས་གནས་འདི་དག་ལ་བུད་པའི་སྨེ་བ་ཡོད་ཚད་མདོག་རྒྱུ་ནག་པོའི་འབྲས་སྐྲན་ཡིན་པ་མི་མཚོན།  མི་མང་ཆེ་བའི་ལུས་ཐོག་ཏུ་སྨེ་བ་ཡོད་སྲིད། མདོག་རྒྱུའི་སྨེ་བ་ལ་སྨེ་བའི་ཕྲ་ཕུང་ངམ་མདོག་རྒྱུ་ནག་པོའི་ཕྲ་ཕུང་སྨེ་བ་ཡང་ཟེར་ཏེ། དེ་ནི་ཕྱི་ངོས་སྐྱི་པགས་དང་སྐྱི་པགས་དངོས་ཁྲོད་ཀྱི་མདོག་རྒྱུ་ནག་པོའི་ཕྲ་ཕུང་ཇེ་མང་དུ་སོང་བ་ལས་བསྐྱེད་པའི་སྐྱི་པགས་ཀྱི་མངོན་ཚུལ་ཞིག་ཡིན། མིའི་ལུས་ཐོག་གི་ཤ་བཀྲ་དང་སྨེ་བ་མང་ཆེ་བ་བཟང་གཤིས་ཡིན་ལ། སྐྱེ་འཚར་དལ་བ་དང་ལོ་མང་པོར་འགྱུར་ལྡོག་མི་འབྱུང་། ཡིན་ཡང་།  གལ་ཏེ་ལུས་སྟེང་གི་སྨེ་བའི་གཡས་གཡོན་ཆ་མི་འགྲིག་པ་དང་མཐའ་འཁོར་གསལ་བོ་མིན་པ། ཁ་དོག་དང་སྲབ་མཐུག་མི་འདྲ་བ། ཚངས་ཐིག་ཧའོ་སྨི5ལས་བརྒལ་བ། ཡང་ན་དུས་ཡུན་ཐུང་ངུའི་ནང་ལ་འགྱུར་ལྡོག་མངོན་གསལ་འབྱུང་བ་སྟེ། དཔེར་ན་སྨེ་བ་ནག་པོ་ཟླ་བ་འགའ་འམ་ལོ་ཕྱེད་ཀྱི་ནང་དུ་མྱུར་མོར་ཇེ་ཆེར་འགྲོ་བ་སོགས་ཀྱི་སྐབས་སུ་དོགས་ཟོན་ནན་མོ་བྱ་དགོས་ཤིང་། ཚད་ལྡན་གྱི་སྨན་ཁང་དུ་སོང་ནས་སྨན་པར་སྟོན་དགོས།

གལ་ཏེ་ལུས་སྟེང་གི་སྨེ་བ་ནག་པོར་རྒྱུ་རྐྱེན་མི་གསལ་བར་ཁྲག་ཐོན་པ་དང་ ཟ་འཕྲུག་ལངས་པ། སོས་དཀའ་བ། ན་ཟུག་སྐྱེ་བ། རྨ་ཤུན་ཆགས་པ་སོགས་ཀྱི་སྐབས་སུ་ངེས་པར་དུ་དོ་སྣང་བྱ་དགོས། ཁྱིམ་རྒྱུད་ཁྲོད་སྐྱི་པགས་འབྲས་སྐྲན་གྱི་ནད་པ་ཡོད་མཁན་ལ་སྐྱི་པགས་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཇེ་ཆེར་འགྲོ་བ་ཡིན།

མདོར་ན་སྨེ་བ་མང་ཆེ་བ་ནི་བཟང་གཤིས་ནད་འགྱུར་གྱི་རིགས་སུ་གཏོགས་པས་ཁ་ཡ་མ་བྱས་ན་ཆོག འོན་ཀྱང་། སྨེ་བ་ལ་རྒྱུན་ལྡན་མིན་པའི་འགྱུར་ལྡོག་འབྱུང་སྐབས་མྱུར་དུ་སྨན་པར་སྟོན་དགོས། གལ་ཏེ་ཁྱོད་ཀྱིས་རང་གི་ལུས་ཐོག་གི་སྨེ་བ་དེ་རིགས་གང་ལ་གཏོགས་པ་མི་ཤེས་ཚེ། སྐྱི་པགས་ཚན་ཁག་ལ་སོང་ནས་སྨན་པར་བསྟན་ཆོག

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང་།