གཅིག དུས་ཡུན་རིང་བོར་འཁྱགས་སྒམ་དུ་ཉར་མི་རུང་། མི་ལ་ལས་སྟབས་བདེ་ཡོང་ཆེད། ཐེངས་གཅིག་ལ་ཟ་མ་མང་པོ་ལས་རྗེས། ཁག་འགའ་རུ་བགོས་ཏེ་འཁྱགས་སྒམ་དུ་བཞག་ནས་ཉིན་རེར་ལས་ཚོགས་ལ་འགྲོ་སྐབས་འཁྱེར་བ་ཡིན། དོན་ལ་དུས་ཡུན་རིང་བོར་འཁྱགས་སྒམ་ནང་བཞག་ན་ཟ་མའི་ངོ་བོ་དང་བྲོ་བ་འགྱུར་སྲིད་ལ། ཟོས་རྗེས་གསུས་པ་ན་བ་དང་བཤལ་བ་སོགས་ཕོ་རྒྱུ་མི་བདེ་བ་འབྱུང་སྲིད། དུས་ཡུན་རིང་བོར་ཟ་མ་འཁྱགས་སྒམ་དུ་བཞག་ན། འཚོ་བཅུད་ཤོར་ཏེ་ལུས་པོའི་འཚོ་བཅུད་དགོས་མཁོ་སྐོང་མི་ཐུབ། དེ་བས་ཟ་མ་འཁྱགས་སྒམ་དུ་འཇོག་ཚེ་རབ་ཡིན་ན་ཉིན་གཉིས་ལས་མ་བརྒལ་ན་བཟང་།
གཉིས། ཟ་མ་ལས་ཚར་རྗེས་རིགས་བགར་ནས་ཉར་ཚགས་བྱ་དགོས། འབྲས་དང་སྔོ་ཚལ་སོ་སོར་བགར་ཏེ་ཉར་ཚགས་བྱ་དགོས་པ་ལས་མཉམ་དུ་འཇོག་མི་རུང་། རྒྱུ་མཚན་ནི་ཟ་མ་ཕན་ཚུན་བར་ཤུགས་རྐྱེན་ཐེབས་ཚེ། ངོ་བོ་འགྱུར་ཚད་ཇེ་མགྱོགས་སུ་འགྲོ་ངེས། རབ་ཡིན་ན་ཟ་མ་མ་འཁྱག་གོང་ལ་ཆུ་ཁོལ་གྱིས་བཤལ་ཟིན་པའི་ཟས་སྣོད་ནང་ལ་བཞག་སྟེ། ཁ་དམ་པོར་བརྒྱབ་ནས་ རེག་ན་ལག་པ་མི་ཚ་བའི་བར་དུ་བཞག་རྗེས། འཁྱགས་སྒམ་ནང་ལ་འཇོག་དགོས།
གསུམ། ཟས་ལྷག་མི་འཁྱེར་བ། ཟས་ལྷག་ནང་གི་ཕྲ་སྲིན་གྱི་འདུས་ཚད་ནི་ལས་མ་ཐག་ཁ་དམ་པོར་སྦྱར་ཏེ་ཉར་ཚགས་བྱས་པའི་ཟ་མ་ལས་མང་བ་དང་། ཡང་ཞག་གཅིག་ཙམ་ལ་བསྐྱུར་ཚེ། ཕྲ་སྲིན་མུ་མཐུད་དུ་སྐྱེ་འཕེལ་འབྱུང་བ་ཡིན།
བཞི། ལས་ཚོགས་ལ་འགྲོ་བའི་ལམ་བར་གྱི་དུས་ཚོད་ཅུང་རིང་བ་སྟེ། དཔེར་ན་ཆུ་ཚོད2ལས་བརྒལ་སྐབས། རབ་ཡིན་ན་དྲོད་འགོག་ཁུག་མ་ཞིག་གྲ་སྒྲིག་བྱས་ཏེ། འཁྱགས་ཁུག་དང་ཟས་སྣོད་མཉམ་དུ་དྲོད་འགོག་ཁུག་མའི་ནང་ལ་འཇོག་དགོས་པ་དང་། ལས་གནས་སུ་ཐོན་རྗེས་ཟས་སྣོད་འཁྱགས་སྒམ་གྱི་གྲང་ཉར་ཁུལ་དུ་འཇོག་དགོས། དེ་ལྟར་བྱས་ན་ཕྲ་སྲིན་སྐྱེ་འཕེལ་བྱེད་ཚད་ཇེ་ཉུང་དུ་གཏོང་ཐུབ།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།