བཙས་མ་ཐག་པའི་བྱིས་པ་བུ་མོ་ལ་སྔར་བཞིན་ཨ་མའི་ལུས་སྟེང་ནས་ཐོན་པའི་མཚན་མའི་སྐུལ་རྩིའི་ཤུགས་རྐྱེན་ཐེབས་བཞིན་ཡོད་པས། མཚན་མཆུ་སྐྲངས་ཤིང་འབུར་བ་དང་མཚན་མ་ལས་ཟགས་ཐོན་རྫས་ཅུང་མང་ཞིང་དེའི་མདོག་དཀར་ལ་ཅུང་དྭངས་པའི་འབག་གཟུགས་ཡིན། ཉིན་འགའི་རྗེས་སུ་བཙས་མ་ཐག་པའི་བྱིས་པ་བུ་མོའི་ལུས་སྟེང་གི་མཚན་མའི་སྐུལ་རྩི་ཇེ་ཉུང་དུ་འགྲོ་ཞིང་། སྐབས་ལ་ལར་མཚན་མ་ལས་ཁྲག་ཉུང་ཙམ་ཡང་འབུད་པས་དེ་དུས་སེམས་ཁྲལ་བྱེད་མི་དགོས། ཉིན་འགའི་རྗེས་ནས་ཡུལ་འགྲོ་བས་ཡང་བསྐྱར་མི་འབྱུང་བ་ཡིན། བཙས་མ་ཐག་པའི་བྱིས་པ་བུ་མོའི་མཚན་མ་ལས་ཟགས་ཐོན་རྫས་འབྱུང་སྐབས་མཚན་མའི་གཙང་སྦྲ་ལ་དོ་སྣང་བྱེད་པ་ལས་སྨན་དང་ཡང་ན་དམིགས་བསལ་གྱི་གསོ་བཅོས་བྱེད་མི་དགོས།
གཅིག སྤྱིར་བཏང་གི་བདག་སྐྱོང་། བཙས་མ་ཐག་པའི་བྱིས་པ་བུ་མོའི་མཚན་མ་བདག་སྐྱོང་བྱེད་ན་གཙོ་བོ་མཚན་མའི་གནས་ཁག་གཙང་མ་བྱེད་དགོས། གཅིན་སྟན་རྒྱུན་དུ་བརྗེ་བ་དང་བཀྲུ་བ། ཉི་མར་ལྡེ་དགོས། གཅིན་སྟན་བཀྲུ་སྐབས་གཙང་མར་བཀྲུ་བཤལ་བྱས་ཏེ་འདག་རྫས་ཀྱི་རིགས་སྐམ་ཟིན་པའི་གཅིན་སྟན་སྟེང་ལུས་ནས་མཚན་མའི་པགས་པར་གནོད་བྱེད་དུ་འཇུག་མི་རུང་། དེ་མིན་གཅིན་སྟན་འཇམ་ཞིང་སྙི་བ་ཡིན་དགོས།
གཉིས། གཅིན་སྟན་མྱུར་དུ་བརྗེ་དགོས། བྱིས་པས་གཅིན་བཏང་ཚེ་ངུ་བ་ནི་གཅིན་སྟན་བརླན་པའི་བརྡ་རྟགས་ཡིན། དེ་བས་གཅིན་སྟན་མྱུར་དུ་བརྗེ་དགོས་པ་ལས། ཡུན་རིང་བོར་མི་བརྗེ་བར་གཅིན་དང་བཤང་བས་མཚན་དཔྲག་གི་པགས་པ་དང་ཕྱིའི་སྐྱེ་འཕེལ་དབང་བོར་ཤུགས་རྐྱེན་ཐེབས་ནས་ཚ་ནད་དང་རེད་པ། ཡང་ན་རྫས་འགྱུར་རང་བཞིན་གྱི་ཕོག་ཐུག་བཟོ་བ་སྔོན་འགོག་བྱེད་རྒྱུ་ཤིན་ཏུ་གལ་ཆེ། སྤྱིར་བཏང་དུ་བཙས་མ་ཐག་པའི་བྱིས་པས་བཙས་གཞུག་གི་དུས་ཚོད་དྲུག་གི་ནང་དུ་གཅིན་གཏོང་ལ། བཙས་གཞུག་གི་དུས་ཚོད་བཅུ་ནས་བཅུ་གཉིས་ཀྱི་རྗེས་སུ་བར་བརྒལ་རང་བཞིན་གྱི་བཤང་བར་འགྱུར་བ་ཡིན། བཤང་བ་ཕུད་པར་ལ་ལ་ནི་ཐེངས་མང་ཞིང་བཤང་བ་ཉུང་བ་དང་། ལ་ལར་ཐེངས་གཅིག་ནས་གཉིས་ཡིན་ཞིང་བཤང་བ་ཅུང་
མང་ལ་སྙི་མོ་ཡིན། གཅིན་སྟན་བརྗེ་བ་ནི་བྱིས་པའི་བཤང་གཅིན་རྒྱུན་ལྡན་ཡིན་མིན་བརྟག་པའི་གོ་སྐབས་བཟང་བོ་ཞིག་ཡིན།
རྒྱུན་ལྡན་དུ་བཙས་མ་ཐག་པའི་བྱིས་པར་བཤང་བ་མེད་ཚེ་ཉིན་དེར་གཅིན་སྟན་ཐེངས་དྲུག་ནས་བརྒྱད་བརྗེ་དགོས་པ་དང་། གལ་ཏེ་བཤང་བ་ཡོད་ན་བརྗེ་ཐེངས་ཇེ་མང་དུ་གཏོང་དགོས། གཅིན་སྟན་དུས་ལྟར་མ་རྗེས་ན་ཨོང་ཤ་དམར་པོར་འགྱུར་བ་དང་གཅིན་སྟན་ལས་བྱུང་བའི་པགས་ཚད་འབྱུང་སྲིད།
བཤང་བ་རྒྱུན་ལྡན་ཡིན་པའི་བཙས་མ་ཐག་པའི་བྱིས་པ་བུ་མོ་ཡི་ཐེངས་རེའི་གཅིན་སྟན་བརྗེ་སྐབས་ཆུ་དྲོན་མོ་དང་བྱིས་པའི་ཆེད་སྤྱོད་འདག་རྫས་ཀྱིས་མཚན་མ་གཙང་མར་བཀྲུ་དགོས། བཀྲུ་སྐབས་མདུན་ནས་གཞུག་དང་གཅིན་ཁ་ནས་མཚན་མཆུ་དང་གཞང་སྒོའི་མཐའ་བཅས་རིམ་བཞིན་གཙང་མར་བཀྲུས་རྗེས་ལག་ཕྱིས་སྙི་མོས་ཕྱིས་ཏེ་སྐམ་པོ་བྱེད་དགོས།
ཁོག་པ་བཤལ་བཞིན་པའི་བྱིས་པས་ཐེངས་རེའི་བཤང་བ་བཏང་རྗེས་ཆུ་དྲོན་མོས་མཚན་པ་བཀྲུས་ཏེ་ཕྱིས་རྗེས་བྱིས་པའི་ཆེད་སྤྱོད་སྣུམ་སོགས་བྱུགས་ནས་མཚན་དཔྲག་གི་པགས་པ་བདག་སྐྱོང་བྱེད་དགོས།
གསུམ། བྱིས་པའི་ལག་ཕྱིས་དང་གཞོང་བ་སོགས་ཆེད་སྤྱོད་བྱེད་པ་ལས་ཁྱིམ་མི་དང་མཉམ་གཅིག་ཏུ་བཀོལ་མི་རུང་ལ། དུས་བཅད་ལྟར་བཀྲུ་བ་དང་ཉི་མར་ལྡེ་བ། དུག་སེལ་བྱས་ཏེ་ཕན་ཚུན་རེད་པ་འབྱུང་བ་སྔོན་འགོག་བྱེད་དགོས། ཁྱིམ་ཚང་དུ་རེད་པ་རང་བཞིན་གྱི་འགོས་ནད་བྱུང་མཁན་ཡོད་ན་ལྷག་ཏུ་སོ་སོར་བགར་བར་ཡིད་འཇོག་བྱེད་དགོས།
གོང་གི་ཤེས་བྱ་འདི《བང་མའི་བདེ་སྲུང་ཤེས་བྱ》ལས་བདམས་པ་ཡིན།