གཞོན་འབྲུམ་ནི་བ་སྤུའི་བུ་གའི་སྐྱི་པགས་ཚིལ་རྨེན་ལ་གནོད་པའི་དལ་གཤིས་སྐྱི་པགས་ནད་ཅིག་ཡིན་ལ། ལང་ཚོའི་དུས་སྐབས་སུ་འབུད་པ་མང་། གཙོ་བོར་ངོ་གདོང་དང་མགོ་སྐེ། ལུས་རྒྱབ་སོགས་སུ་འབུད་ཅིང་། གཞོན་ནུ་ལོ་ཆུང་ཚོའི་བཞིན་རས་དང་སེམས་ཁམས་བདེ་ཐང་ལ་ཚད་མི་འདྲ་བའི་ཤུགས་རྐྱེན་ཐེབས་བཞིན་ཡོད།
གཞོན་འབྲུམ་གསོ་བཅོས་བྱེད་ཐབས་བསྟེན་པ་ལས་གཞན། སློབ་གྲྭ་དང་ཁྱིམ་བདག་གིས་གཞོན་ནུ་ལོ་ཆུང་ཚོའི་བདེ་ཐང་སློབ་གསོར་ཤུགས་བསྣན་ནས། གཞོན་ནུ་ལོ་ཆུང་ཚོས་གཞོན་འབྲུམ་ལ་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་བཏང་ནས། གཉན་ནད་ཇེ་ཡང་དང་གཞོན་འབྲུམ་ཡང་བསྐྱར་འབུད་ཚད་ཇེ་ཉུང་དུ་གཏོང་དགོས་ཤིང་། གཤམ་གསལ་གྱི་ཕྱོགས་འདི་བཞི་ལ་མཉམ་འཇོག་བྱ་དགོས།
གཅིག ཀ་རའི་འདུས་ཚད་མང་བ་དང་སྣུམ་ཆེ་བའི་ཟ་མར་ཚོད་འཛིན་པ། འོ་བཟོས་ཐོན་རྫས་དང་ལྷག་པར་དུ་སྣུམ་བཏོན་ཟིན་པའི་འོ་བཟོས་ཐོན་རྫས་བཟའ་ཚད་ཇེ་ཉུང་དུ་གཏོང་བ། སྔོ་ཚལ་དང་སིལ་ཏོག་གསར་བ། འཚོ་བཅུད་རྫས་འདུས་ཚད་མང་བའི་ཟ་མ་ཟ་བ།
གཉིས། ལུས་པོའི་ལྗིད་ཚད་ལ་ཚོད་འཛིན་པ། ལུས་པོའི་ལྗིད་ཚད་ཚད་ལས་བརྒལ་བའམ་ཚོ་ཆེ་བ་རྣམས་ཀྱིས་ལུས་རྩལ་སྦྱོང་བརྡར་ལ་ཤུགས་བསྣན་ནས། ལུས་པོའི་སྤུས་ཚད་སྟོན་གྲངས་རྒྱུན་ལྡན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱ་དགོས།
གསུམ།འཚོ་བ་རོལ་སྟངས་ལ་ཆོས་ཉིད་ཡོད་པར་བྱེད་པ་དང་། མཚན་སྐྱེལ་བའི་གོམས་གཤིས་སྤང་བ། གཉིད་འདང་ངེས་ལོག་པ།
བཞི།ཚན་རིག་དང་མཐུན་པར་སྐྱི་པགས་ལ་སྲུང་སྐྱོབ་བྱེད་པ། ཆུ་དྲོ་འཇམ་གྱིས་རྨ་འབྲུམ་ཡོད་སར་གཙང་འཁྲུད་འོས་འཚམ་བྱས་རྗེས། སྣུམ་མི་ལངས་པ་དང་རླན་འཛིན་པའི་སྨན་སྤྱོད་པགས་སྲུང་བྱུག་རྫས་སྤྱད་དེ་སྐྱི་པགས་ལ་སྲུང་སྐྱོབ་བྱས་ནས། སྐྱི་པགས་སྣུམ་ཆེ་བའམ་སྐམ་ཆེ་བའི་གནད་དོན་མི་འབྱུང་བར་བྱ་དགོས།
གཞོན་འབྲུམ་ནི་ཡང་དང་བསྐྱར་དུ་འབྱུང་ཞིང་ཇེ་སྡུག་ཏུ་འགྲོ་སླ་བ་ཞིག་ཡིན་ཡང་། ལང་ཚོའི་དུས་སྐབས་ཡོལ་རྗེས། ནད་རྟགས་རིམ་བཞིན་ཇེ་ཡང་དང་ཐ་ན་མེད་འགྲོ་བས། གཞོན་ནུ་ལོ་ཆུང་དག་གིས་རྒྱུན་ལྡན་གྱི་སེམས་ཁམས་ཤིག་གིས་གཞོན་འབྲུམ་ལ་གདོང་གཏད་དེ། སྐྱི་པགས་ཚན་ཁག་གི་སྨན་པའི་རོགས་རམ་འོག་འོས་འཚམ་གྱི་གསོ་བཅོས་བྱེད་ཐབས་བསྟེན་པ་ལས། ཚད་ལས་བརྒལ་བའི་སེམས་ཁུར་བྱ་མི་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།