འབྲེལ་ཡོད་བརྟག་དཔྱད་ལས་མངོན་པ་ལྟར་ན། བརྒྱ་ཆའི་བརྒྱད་ཀྱི་བྱིས་པར་སྒལ་གཞུང་བདེ་ཐང་གི་གནད་དོན་འབྱུང་བཞིན་ཡོད། བྱིས་པ་བུ་མོ་ལ་སྒལ་གཞུང་འཁྱོག་པའི་གནད་དོན་འབྱུང་ཚད་དེ་བྱིས་པ་ཕོ་ཡི་ལྡབ་གཉིས་དང་གྲངས་ཆུང་ལྔ་རེད། ཟླ་མཚན་ཐོག་མར་འབབ་པའི་བུ་མོ་ལ་སྒལ་གཞུང་བདེ་ཐང་གི་གནད་དོན་བྱུང་ཚེ། ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་མྱུར་ཚད་བྱིས་པ་ཕོ་ཡི་ལྡབ་བཅུ་ཡིན་སྲིད། སྒལ་གཞུང་འཁྱོག་ན་བྱིས་པའི་གཟུགས་གཞི་ལ་ཤུགས་རྐྱེན་ཐེབས་པར་མ་ཟད། ད་རུང་ན་ཟུག་འབྱུང་བ་དང་། ལུས་པོའི་སྐྱེ་འཚར་དང་སྙིང་དང་གློ་བའི་བྱེད་ནུས་ལའང་ཤུགས་རྐྱེན་ཐེབས་ངེས་ཤིང་། ཐ་ན་རྐང་བའི་དབང་རྩའི་བྱེད་ནུས་ལ་འགོག་རྐྱེན་བཟོས་ནས་འགྲོ་སྐྱོད་ལ་ཤུགས་རྐྱེན་ཐེབས་སྲིད། དེ་མིན་བྱིས་པའི་སེམས་ཁམས་བདེ་ཐང་ལའང་གནོད་པ་བཟོ་ངེས།
བྱིས་པ་དང་གཞོན་ནུ་ལོ་ཆུང་རྣམས་ཡུན་རིང་ཙོག་ནས་འགུལ་སྐྱོད་མི་བྱེད་པ་དང་། ལངས་སྟངས་དང་སྡོད་སྟངས། དཔེ་ཆ་ཀློག་པ་དང་ལས་བྱ་འབྲི་སྐབས་ཀྱི་སྡོད་སྟངས་ཚད་ལྡན་མིན་པ། དཔེ་ཁུག་ལྗིད་དྲག་པ་སོགས་ཀྱིས་བྱིས་པའི་སྒལ་གཞུང་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད། ད་རུང་ཁྱིམ་བདག་མང་ཆེ་བར་སྔོན་འགོག་གི་འདུ་ཤེས་མེད་པ་དེ་ཡང་བྱིས་པའི་སྒལ་གཞུང་བདེ་ཐང་གི་གནད་དོན་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད།
བྱིས་པ་དང་གཞོན་ནུ་ལོ་ཆུང་ལ་སྒལ་གཞུང་བདེ་ཐང་གི་གནད་དོན་འབྱུང་བ་སྔོན་འགོག་བྱེད་ཐབས།
གཅིག དུས་རྒྱུན་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་སྤྱོད་གསུམ་དང་། དཔེ་ཆ་ཀློག་པ་དང་ལས་བྱ་འབྲི་སྐབས་ཀྱི་སྡོད་སྟངས་སོགས་ལ་མཉམ་འཇོག་བྱས་ནས་བདེ་ཐང་གི་འཚོ་བའི་གོམས་གཤིས་ཆགས་སུ་འཇུག་དགོས། གོམས་གཤིས་ལེགས་པོས་སྒལ་གཞུང་བདེ་ཐང་ངང་འཚར་སྐྱེ་འབྱུང་བར་ནུས་ཡོད་སྒོས་སྐུལ་འདེད་གཏོང་ཐུབ་པ་དང་། གཟུགས་གཞི་ཡག་པོ་གསོ་སྐྱོང་བྱེད་པར་རོགས་འདེགས་བྱེད་ཐུབ་ལ། སྒལ་གཞུང་གི་གནོན་ཤུགས་ཇེ་ཡང་དུ་གཏོང་ཐུབ།
གཉིས། འོས་ཤིང་འཚམ་པའི་སྦྱོང་བརྡར་བྱེད་དགོས།
གསུམ། རུས་སྒྲོམ་འཚར་སྐྱེ་འབྱུང་བའི་གནད་འགག་གི་སྐབས་སུ། རུས་སྒྲོམ་བདེ་ཐང་དང་འཚོ་བཅུད་ཁ་གསབ་ལ་དོ་སྣང་བྱེད་དགོས། གཞོན་ནུ་ལོ་ཆུང་གི་དུས་སྐབས་སུ། གལ་ཏེ་ཀལ་འདང་ངེས་བསྡུ་ལེན་བྱེད་མ་ཐུབ་ན། ཁོག་སྟོད་སྒུར་བ་སོགས་སྒུར་ནད་ཀྱི་རིགས་འབྱུང་ངེས། དུས་སྐབས་དེར་བྱིས་པ་རྣམས་ཀྱིས་ཀལ་རྫས་མང་བའི་ཟས་རིགས་ཟ་དགོས་པ་དང་། སྤྲི་དཀར་རྫས་དང་འཚོ་བྱེད་རྒྱུ་སྣ་ཚོགས་ཁ་གསབ་བྱེད་དགོས། ལོ་བཞི་ནས་ལོ་བཅུའི་བར་གྱི་བྱིས་པར་ཉིན་རེར་ཀལ་གཞི་རྒྱུ་ཧའོ་ཧྲིན་བརྒྱད་བརྒྱ་ལྷག་དགོས་པ་དང་། ལོ་བཅུ་གཅིག་ནས་ལོ་བཅུ་བཞིའི་བར་གྱི་བྱིས་པར་ཉིན་རེར་ཀལ་གཞི་རྒྱུ་ཧའོ་ཧྲིན་སྟོང་གཅིག་ལྷག་དགོས་པས། སྐབས་དེར་རྒྱུན་ལྡན་གྱི་ཟ་མ་ཁོ་ནར་བརྟེན་ན་ཀལ་སོགས་ཀྱིས་མི་འདང་བའི་གནས་ཚུལ་འབྱུང་སྲིད། དེ་བས། སྨན་པའི་ངག་བཞིན་དུ་ཀལ་གཞི་རྒྱུ་སོགས་ཁ་གསབ་བྱས་ཆོག
དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་ཁྱིམ་བདག་རྣམས་ཀྱིས་གཤམ་གྱི་བྱེད་ཐབས་འདི་དག་སྤྱད་ནས་བྱིས་པའི་སྒལ་གཞུང་བདེ་ཐང་ཡིན་མིན་ལ་བརྟག་ཆོག
གཅིག བྱིས་པ་དྲང་མོར་ལངས་སུ་བཅུག་ནས་ཕྲག་པ་གཉིས་མི་འགུལ་བར་ལག་པ་གཉིས་རང་བྱུང་དུ་འཕྱང་དུ་བཅུག་ནས་ཕྲག་པ་གཉིས་ཀྱི་མཐོ་དམའ་འདྲ་མིན་བརྟག་དགོས།
གཉིས། བྱིས་པའི་སོག་རུས་ལ་རེག་ནས་སོག་རུས་གཉིས་ཀྱི་མཐོ་དམའ་འདྲ་མིན་ལ་བརྟག་དགོས།
གསུམ། བྱིས་པའི་རྒྱབ་ཀྱི་གཞོགས་གཉིས་དང་རྐེད་པ་འབུར་ཡོད་མེད་དང་ཆ་འགྲིག་ཡིན་མིན་ལ་བརྟག་དགོས།
གལ་ཏེ་རྒྱབ་ཀྱི་གཞོགས་གཅིག་འབུར་ཡོད་པ་དང་དཔུང་བ་གཉིས་ཀྱི་མཐོ་ཚད་མི་འདྲ་བ། མཚང་རུས་གསེག་པ་སོགས་ཀྱི་གནས་ཚུལ་ཡོད་ན། སྔ་མོ་ནས་བྱིས་པ་ཁྲིད་དེ་སྒལ་གཞུང་ཕྱི་ནད་ཚན་ཁག་ཏུ་སོང་ནས་སྨན་པར་སྟོན་དགོས།
གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།
ལྷ་མོ་ཚེ་རིང་གིས་བསྒྱུར།