ང་ཚོས་དུས་རྒྱུན་དུ་ཁོང་ཁྲོ་མ་ལངས། ཁོང་ཁྲོ་ལངས་ན་ལུས་པོར་གནོད་པ་ཆེན་པོ་ཡོད་ཅེས་བརྗོད་ཀྱིན་ཡོད། དེ་ནི་གང་བྱུང་དུ་བརྗོད་པ་ཞིག་གཏན་ནས་མིན་པར། ཚན་རིག་གི་གཞི་འཛིན་ས་ཡོད་པའི་སྐད་ཆ་ཞིག་རེད། ཞིབ་འཇུག་ལས་མངོན་པ་ལྟར་ན། 90%ཡི་གཅོང་ནད་ཡོད་ཚད་སེམས་ཁམས་དང་འབྲེལ་བ་ཡོད་པ་དང་། ཁོང་ཁྲོ་ལངས་རྗེས་ཀྱི་དུས་ཚོད2ཀྱི་ནང་ཚུན་དུ་ལུས་པོར་འགྱུར་ལྡོག་འདི་དག་འབྱུང་བཞིན་ཡོད་དེ། གྲིབ་སྐྱོན་ཕོག་པའི་ཉེན་ཁ་ལྡབ3གྱིས་འཕར་བ་དང་། སྙིང་ནད་འབྱུང་བའི་ཉེན་ཁ་ལྡབ5ཡིས་འཕར་ལ། སྙིང་ཁྲག་ཀླད་རྩའི་ནད་པར་ཉེན་ཁ་དེ་བས་ཆེ་བ་རེད།
ཁོང་ཁྲོ་ལངས་ན་ལུས་པོར་གནོད་པ་འདི་དག་ཡོད་དེ།
ཁོང་ཁྲོ་ལངས་ན་སྙིང་ལ་གནོད་པ། ཁོང་ཁྲོ་ལངས་པའི་མིར་འབྱུང་བའི་སྣང་ཚུལ་མངོན་གསལ་དོད་ཤོས་ནི་སྙིང་གི་ལྡིང་ཚད་ཇེ་མགྱོགས་སུ་འགྲོ་བ་དེ་རེད། གང་ཡིན་ཞེ་ན། ཁོང་ཁྲོ་ལངས་སྐབས་ཁྲག་གི་འཁོར་རྒྱུག་རྒྱུན་ལྡན་ལས་ལྡབ་གཅིག་ཙམ་ཇེ་མང་དུ་ཕྱིན་ནས་སྙིང་དང་དེའི་མཐའ་འཁོར་གྱི་ཁྲག་རྩ་མགྱོགས་པོར་འཁུམ་གྱིན་ཡོད་པས། སྙིང་གི་ཁུར་པོ་ཆེ་རུ་འགྲོ་བ་དང་སྙིང་ཁྲག་མི་འདང་བ། སྙིང་གཟེར་ལངས་པ། སྙིང་རྩ་འགག་པ་བཅས་ཀྱི་སྣང་ཚུལ་འབྱུང་བར་མ་ཟད། ཐ་ན་སྙིང་གི་ལྡིང་ཚད་རྒྱུན་ལྡན་མིན་པའི་སྣང་ཚུལ་ཡང་ཐོན་སྲིད།
ཁོང་ཁྲོ་ལངས་ན་མཆིན་པར་གནོད་པ། རྟག་ཏུ་ཁོང་ཁྲོ་ལངས་ཚེ་མཆིན་ནད་འབྱུང་བ་དང་མཐའ་ན་མཆིན་པ་སྲ་འགྱུར་གྱི་ནད་ཀྱང་འབྱུང་སྲིད། བཤད་སྲོལ་འདིའི་གཞི་འཛིན་ས་ནི། ཁོང་ཁྲོ་ལངས་སྐབས་མིའི་མཆིན་པ་ནས་དུག་རྒྱུ་ཞིག་ཐོན་ནས་ཁྲག་མངར་མཐོ་རུ་འགྲོ་བ་དང་། མཆིན་པས་དེ་སེལ་བར་བྱེད་སྐབས་མཆིན་པའི་གནོན་ཤུགས་ཇེ་དྲག་ཏུ་སོང་ནས་ཁྲག་དང་ཕྲ་ཕུང་གི་དུག་ཇེ་མང་དུ་འགྲོ་བཞིན་ཡོད།
ཁོང་ཁྲོ་ལངས་ན་ཕོ་བར་གནོད་པ། ཁོང་ཁྲོ་ལངས་ན་ཟ་མ་ཟ་མི་འདོད་པར་ཁོང་ཁྲོས་རྒྱགས་སོང་ཟེར་བ་འདི་བཤད་སྲོལ་ཙམ་མིན་པར། དོན་དུ་ཁོང་ཁྲོ་ལངས་ན་ཕོ་བའི་ཁྲག་གི་འཁོར་རྒྱུག་དང་ཕོ་རྒྱུ་འགུལ་ཚད་ཇེ་དལ་དུ་སོང་ནས། ནམ་རྒྱུན་སྐར་མ་འགའི་ནང་ཚུན་དུ་འཇུ་ཐུབ་པའི་ཟས་རིགས་དུས་ཚོད་འགའ་ཤས་སོང་ན་མ་གཏོགས་འཇུ་མི་ཐུབ་པས། ཟས་མི་འཇུ་བ་དང་། ཟས་ཀྱི་དང་ག་ཉམས་པ། ཟས་ཟ་འདོད་མེད་པ་བཅས་ཀྱི་གནས་ཚུལ་འབྱུང་སྲིད།
ཁོང་ཁྲོ་ལངས་ན་གློ་བར་གནོད་པ། མི་མང་པོ་ཞིག་ལ་ཁོང་ཁྲོ་ལངས་རྗེས། བྲང་ཁོག་ལ་ན་ཟུག་ལངས་པའི་སྣང་ཚུལ་ཐོན་གྱིན་ཡོད། དོན་དུ་འདི་ནི་གློ་བ་ན་བའི་ནད་རྟགས་ཤིག་རེད། ཁོང་ཁྲོ་ལངས་སྐབས་སེམས་ལ་ཕོག་ཐུག་ཆེན་པོ་བྱུང་ནས། དབུགས་མགྱོགས་པོར་ལེན་དགོས་ཀྱིན་ཡོད། དེས་གློ་ལྒང་མུ་མཐུད་དུ་ཆེ་རུ་སོང་ནས་རྒྱུན་ལྡན་ལྟར་ངལ་གསོ་ཐབས་མེད་པས། གློ་བ་དང་མཆིན་པར་ན་ཟུག་གཏོང་གིན་ཡོད།
ཁོང་ཁྲོ་ལངས་ན་ཀླད་པར་གནོད་པ། ཁོང་ཁྲོ་ལངས་སྐབས་མིའི་ཁྲག་ཤེད་གློ་བུར་དུ་མགྱོགས་པོར་འཕར་ཏེ། ཀླད་པའི་ཁྲག་རྩ་ཕྲ་མོར་གནོན་ཤུགས་ཆེན་པོ་འབྱུང་བ་དང་གྲིབ་སྐྱོན་སོགས་ཕོག་པའི་སྣང་ཚུལ་ཐོན་གྱིན་ཡོད། གལ་སྲིད་ཀླད་པའི་ཁྲག་རྩའི་ནད་ཡོད་ཚེ། ཁོང་ཁྲོ་ལངས་ན་ཉེན་ཁ་དེ་བས་ཆེ་བས། ངེས་པར་ཡིད་གཟབ་བྱེད་དགོས།
ཁོང་ཁྲོ་ལངས་ན་རྒས་མགྱོགས་པ། ཁོང་ཁྲོ་ལངས་ན་ཁྲག་གི་དུག་རྒྱུ་ཇེ་མང་དུ་སོང་ནས་བ་སྤུའི་བུ་ག་ཆེ་རུ་འགྲོ་བ་རེད། དེར་བརྟེན། བ་སྤུའི་བུ་གའི་མཐའ་འཁོར་དུ་རིམ་པ་མི་འདྲ་བའི་གཉན་ཚད་རྒྱས་སྲིད།
ཁོང་ཁྲོ་ལངས་ན་གསང་ལམ་གྱི་ཟགས་གཤེར་འཁྲུག་པ། བུད་མེད་ཚོ་རྟག་ཏུ་དངངས་སྐྲག་དང་ཁོང་ཁྲོ་ལངས་ན་གསང་ལམ་གྱི་ཟགས་གཤེར་འཁྲུགས་ནས། ལུས་པོའི་དབང་པོ་ཚང་མ་དང་ལྷག་པར་སྐྱེ་འཕེལ་མ་ལག་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད།
ཁོང་ཁྲོ་ལངས་ན་ཟླ་མཚན་འཁྲུག་པ། ཁོང་ཁྲོ་ལངས་པ་དང་ཡིད་མུག་དྲགས་པ་སོགས་བྱས་ན་མཆིན་རླུང་འཁྱིལ་ནས་ཟླ་མཚན་འཁྲུག་པ་དང་། ཟླ་མཚན་དུས་ཚོད་ལྟར་མི་འབབ་པ། ཟླ་མཚན་དམར་ནག་ཏུ་འགྱུར་བ། ཟླ་མཚན་འབབ་ཚད་ཇེ་ཉུང་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་ཐོན་པ་དང་ཐ་ན་ཟླ་མཚན་འགག་པའམ་ཡང་ན་རྒས་ནད་སྔོན་ལ་ཐོན་པ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད།
ཁོང་ཁྲོ་ལངས་ན་ནུ་མའི་གཤེར་རྨེན་ལ་གནོད་པ། ནུ་སྐྲན་ཕོག་ཚུལ་གྱི་བརྟག་དཔྱད་ལས་མངོན་པ་ལྟར་ན། རྟག་ཏུ་སེམས་ལ་ཕོག་ཐུག་ཆེན་པོ་འབྱུང་བ་དང་། དགའ་ཁྲོ་ངེས་མེད། སེམས་ཁྲལ་དང་ཡིད་མུག་པ་སོགས་ཀྱི་མིར་ནུ་མའི་གཤེར་རྨེན་དང་ནུ་མའི་ངན་སྐྲན་སོགས་ཀྱི་ནད་འབྱུང་སླ་བ་རེད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།