ཁྱིམ་བདག་གིས་མཐོ་རྒྱུགས་ལ་ཡང་དག་པའི་རྣམ་འགྱུར་འཛིན་དགོས།
2025.05.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མཐོ་རྒྱུགས་ཐོན་ལ་ཉེ་བའི་སྐབས་སུ།  ཁྱིམ་བདག་མང་པོ་ཞིག་ལ་གནོན་ཤུགས་ཆེན་པོ་ཡོད་པར་མ་ཟད།  ཁྱིམ་བདག་ལ་ལ་ཞིག་གིས་བྱིས་པའི་གནོན་ཤུགས་ཇི་ལྟར་སེལ་དགོས་པའི་ཐད་སེམས་ཁུར་བྱེད་བཞིན་ཡོད་ལ། ཡང་ཁྱིམ་བདག་ལ་ལ་ཞིག་གིས་མཐོ་རྒྱུགས་ཐོན་ལ་ཉེ་ཡང་བྱིས་པས་ད་རུང་སློབ་སྦྱོང་དམ་འཛིན་མི་བྱེད་ན་ཅི་ཞིག་བྱེད་དགོས་པའི་ཐད་སེམས་ཁུར་བྱེད་བཞིན་ཡོད།

ཁྱིམ་བདག་གིས་སེམས་ཁུར་བྱེད་པའི་སེམས་ཁམས་ཀྱིས་བྱིས་པར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད་དེ།   ཐོག་མར་ཁྱིམ་བདག་གིས་སེམས་ཁུར་བྱེད་པའི་སེམས་ཁམས་ཀྱིས་བྱིས་པས་ཕ་མ་རང་ཉིད་ལ་ཡིད་ཆེས་མེད་པར་འདོད་ནས། རང་གིས་རང་ལ་ཡིད་ཆེས་བྱེད་ཚད་ཀྱང་ཇེ་དམར་འགྲོ་སྲིད།  གནད་འགག་གི་སྐབས་སུ་རང་གིས་རང་ལ་ཡིད་ཆེས་བྱེད་རྒྱུ་ཧ་ཅང་གལ་ཆེ།   དེ་ནས།   སེམས་ཁུར་བྱེད་པའི་སེམས་ཁམས་དེ་བྱིས་པར་འགོ་ཡང་སྲིད་དེ།  མཐོ་རྒྱུགས་ཀྱི་སྐབས་སུ་བྱིས་པར་མ་གཞི་ནས་གནོན་ཤུགས་ཡོད་པ་དང་།   ཁྱིམ་བདག་གིས་སེམས་ཁུར་ཆེན་པོ་བྱས་ན་བྱིས་པར་གནོན་ཤུགས་ལྷག་མ་ཕྱིན་ནས་རྒྱུགས་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད།  ད་རུང་ཆེས་གལ་ཆེ་བ་ཞིག་ནི་ཁྱིམ་བདག་གིས་སེམས་ཁུར་བྱེད་རྒྱུ་མང་དྲག་ན་བྱིས་པའི་བསམ་པར་རྒྱུགས་ལེན་རྒྱུ་ནི་ཁྱིམ་བདག་གི་འགན་འཁྲི་ཡིན་པར་འདོད་ངེས།  དུས་རྒྱུན་སློབ་སྦྱོང་བྱེད་མི་འདོད་པ་དང་རྒྱུགས་འབྲས་མི་བཟང་བའི་བྱིས་པས་རང་དོན་ལ་འགན་ཁུར་གྱིན་མེད་པ་དང་།  དེའི་འབྱུང་རྩ་ཡང་ཁྱིམ་བདག་གིས་དུས་རྒྱུན་བྱིས་པའི་དོན་དག་ལ་འགན་ཁུར་རྒྱུ་མང་དྲག་ནས་བྱིས་པས་རང་གིས་རང་ལ་འགན་ཁུར་བའི་འདུ་ཤེས་ཞན་པ་དང་འབྲེལ་ཡོད།

དེས་ན།   མཐོ་རྒྱུགས་ཀྱི་སྐབས་སུ་ཁྱིམ་བདག་གིས་སེམས་ཁུར་བྱེད་པའི་སེམས་ཁམས་དེ་ཇི་ལྟར་སེལ་དགོས་ཤེ་ན།

གཅིག་ནས་ང་ཚོས་ཅི་ཞིག་ལ་སེམས་ཁུར་བྱེད་བཞིན་པ་དེ་གསལ་བོར་ཤེས་དགོས།   ཁྱིམ་བདག་མང་པོ་ཞིག་གིས་གལ་ཏེ་རྒྱུགས་འབྲས་མི་བཟང་ན་ཅི་ཞིག་བྱེད་དགོས།   སློབ་ཆེན་བཟང་བོ་ཞིག་ཏུ་རྒྱུགས་མ་འཕྲོད་ན།  སློབ་མཐར་ཕྱིན་རྗེས་བྱ་བ་འཚོལ་བར་དཀའ་ཁག་ཡོད་སྲིད་པའི་ཐད་སེམས་ཁུར་བྱེད་བཞིན་ཡོད།  དོན་དངོས་སུ་མཐོ་རྒྱུགས་ཧ་ཅང་གལ་ཆེན་ཞིག་ཡིན་ཡང་།    བྱིས་པའི་མ་འོངས་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཐག་གཅོད་མི་ཐུབ།   མ་འོངས་པར་བྱིས་པ་རྣམས་ལ་ད་རུང་གདམ་གསེས་མང་པོ་ཡོད་ངེས།    བྱིས་པར་ཡིད་ཆེས་དང་རང་ཉིད་ལ་དོ་དམ་བྱེད་པའི་ནུས་པ་ཡོད་རྒྱུ་དེ་རྒྱུགས་ལེན་ཐེངས་གཅིག་གི་རྒྱུགས་འབྲས་ལས་ཧ་ཅང་གལ་ཆེ་བ་ཡིན།    དེ་བས།    ཁྱིམ་བདག་རྣམས་ཀྱིས་མཐོ་རྒྱུགས་ཀྱིས་བྱིས་པའི་མ་འོངས་པ་ཐག་གཅོད་ཐུབ་པར་འདོད་པའི་བསམ་བློ་དེ་བསྒྱུར་དགོས།

གཉིས་ནས་བྱིས་པས་རྒྱུགས་ལ་གྲ་སྒྲིག་བྱེད་པའི་སྐབས་སུ།   ཕན་ཚུན་བསམ་ཤེས་དང་ཁྱིམ་ཚང་འཆམ་མཐུན་ཡོང་བར་བྱེད་དགོས་ཤིང་། རང་ཉིད་ཀྱི་བྱ་བ་དང་སློབ་སྦྱོང་གི་དུས་ཚོད་བཀོད་སྒྲིག་བཟང་བོ་བྱེད་དགོས།    དེ་ལྟར་བྱས་ན།  རང་ཉིད་ཀྱི་དོན་དག་གིས་བྱིས་པར་ཤུགས་རྐྱེན་ཐེབས་མི་སྲིད།  དེར་མ་ཟད།   གང་ཐུབ་ཀྱིས་བྱིས་པར་འདུག་རོགས་བྱས་ཏེ་ཁོ་ཚོར་རོགས་སྐྱོར་བྱེད་དགོས་པའི་སྐབས་སུ་དུས་ལྟར་རོགས་བྱེད་དགོས་ལ།  སློབ་སྦྱོང་གི་ཐད་ནས་སྔར་བཞིན་བྱིས་པ་རང་གིས་བཀོད་སྒྲིག་བྱེད་དགོས།

གསུམ་ནས་བྱིས་པའི་སེམས་ཁྲལ་སྔ་མོ་ནས་ཤེས་དགོས།   རྒྱུགས་ལ་སེམས་ཁུར་ཅུང་ཙམ་བྱས་ན་རྒྱུགས་འབྲས་ལ་ཤུགས་རྐྱེན་མེད་མོད།  འོན་ཀྱང་སེམས་ཁུར་བྱེད་རྒྱུ་མང་དྲག་ན་རྒྱུགས་འབྲས་ལ་ཤུགས་རྐྱེན་ཐེབས་སྲིད་པར་མ་ཟད།   བྱིས་པའི་ལུས་སེམས་བདེ་ཐང་ལའང་གནོད་པ་འབྱུང་ངེས།    བྱིས་པའི་སེམས་ཁུར་བྱེད་རྒྱུ་མང་དྲག་པའི་སྐབས་སུ་རྒྱུན་དུ་སེམས་འཚབ་པ་དང་སྙིང་གི་ལྡིང་ཚད་མགྱོགས་པ།   གཉིད་མི་ཡོང་བ།   ཟས་ཀྱི་ཡི་ག་མེད་པ་སོགས་ཀྱི་རྟགས་འབྱུང་ངེས།  གལ་ཏེ་རྒྱུགས་མ་བླངས་པའི་སྔོན་ལ་བྱིས་པར་གོང་གི་སེམས་འཚབ་པ་དང་ཟས་ཀྱི་ཡི་ག་མེད་པ་སོགས་ཀྱི་སྣང་ཚུལ་ཡོད་ན།  རྒྱུགས་ལ་སེམས་ཁུར་བྱེད་རྒྱུ་མང་དྲག་པ་ཡིན་སྲིད་པས། ཁྱིམ་བདག་གིས་བྱིས་པའི་འགྱུར་ལྡོག་ལ་དོ་སྣང་བྱས་ཏེ་དགོས་པ་ཡོད་ན་སེམས་ཁམས་ཟུར་ཁྲིད་དགེ་རྒན་གྱི་རྒྱབ་སྐྱོར་འཚོལ་དགོས།

བཞི་ནས་རྒྱུགས་འབྲས་ཅི་འདྲ་ཡིན་ཡང་ཁྱིམ་བདག་གིས་བྱིས་པར་སྐུལ་ལྕག་བཏང་ནས་མུ་མཐུད་འབད་འཐབ་བྱེད་པའི་སྟོབས་ཤུགས་སྦྱིན་དགོས།   ཐོག་མར་བྱིས་པའི་འབད་འཐབ་ཀྱི་བརྒྱུད་རིམ་ལ་གཟེངས་བསྟོད་བྱེད་དགོས།   གལ་ཏེ་རྒྱུགས་འབྲས་ལ་མི་ཚང་མ་ཡིད་ཚིམ་ན་དེ་ནི་དགའ་འོས་པའི་དོན་ཞིག་རེད།  ཡིན་ཡང་དེ་ལས་ཀྱང་གལ་ཆེ་བ་ནི་བྱིས་པའི་འབད་འཐབ་བྱས་པའི་བརྒྱུད་རིམ་དང་བརྒྱུད་རིམ་དེའི་ཁྲོད་མངོན་པའི་མི་གཤིས་ལ་གཟེངས་བསྟོད་བྱེད་རྒྱུ་དེ་ཡིན།   གལ་ཏེ་རྒྱུགས་འབྲས་མི་བཟང་ན་ཁྱིམ་བདག་གིས་བྱིས་པར་སེམས་གསོ་བྱེད་དགོས།   ཁྱིམ་བདག་གིས་ནམ་ཡང་ཡིད་ལ་འཛིན་དགོས་པ་ཞིག་ནི།   རྒྱུགས་འབྲས་མི་བཟང་བ་དེ་བྱིས་པ་རང་ཉིད་ཀྱི་དོན་ཡིན་པས།  ཁྱིམ་བདག་བྱིས་པ་ལས་ཀྱང་སེམས་འཚབ་པ་དང་ཁོང་ཁྲོ་ལངས་པ།  སེམས་སྡུག་སོགས་བྱེད་མི་རུང་།   གལ་ཏེ་ཁྱིམ་བདག་གིས་བྱིས་པ་ལས་ཀྱང་རྒྱུགས་འབྲས་ལ་དོ་སྣང་བྱས་ན། བྱིས་པའི་འགན་ཁུར་གྱི་འདུ་ཤེས་ཇེ་དམར་གཏོང་ངེས་པས།  སྐབས་དེར་ཆེས་གལ་ཆེ་བ་ནི་ཁྱིམ་བདག་གིས་བྱིས་པར་སེམས་གསོ་དང་སྐུལ་ལྕག་བཏང་ནས་མུ་མཐུད་འབད་བརྩོན་བྱེད་པའི་སྟོབས་ཤུགས་བསྩོལ་དགོས།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།