ཞོགས་པའི་གོམས་གཤིས་ངན་པ་འདི་གསུམ་འདོར་དགོས།
2025.05.26 ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། ཀློག་གྲངས། 0

ཞོགས་པར་གཉིད་ལས་སད་རྗེས་ཀྱི་དུས་ཚོད་དེ་ནི་ལུས་པོ་གསོ་བའི་དུས་ཚོད་ཡག་ཤོས་ཤིག་རེད། འོན་ཀྱང་ཡར་ལངས་རྗེས་ཀྱི་གོམས་གཤིས་འདི་གསུམ་མ་དོར་ན་ལུས་པོར་གནོད་པ་ཆེན་པོ་ཡོད།

དང་པོ། གློ་བུར་ཡར་ལངས་པ།

གཉིད་ལོག་པའི་སྐབས་སུ་ཀླད་པའི་སྐྱི་མོ་གཉིད་ལ་ཡུར་ཞིང་། ལུས་ཁམས་ཀྱི་བྱེད་ནུས་ཁག་ཀྱང་འཁོར་སྐྱོད་དལ་བའི་སྐབས་ཡིན་པས། རྙིགས་དོར་གསར་བརྗེས་འགོར་བ་དང་། སྙིང་ཁ་འཕར་ཤུགས་ཆུང་བ། ཁྲག་ཤེད་དམའ་རུ་འགྲོ་བ་བཅས་ཀྱི་ཁྱད་ཆོས་ལྡན། གཉིད་ལས་སད་མ་ཐག་ད་དུང་གཉིད་ལོག་པའི་སྐབས་ཀྱི་གོང་གསལ་ཁྱད་ཆོས་དེ་དག་ཡོད་པས། གློ་བུར་ལངས་ན་ཀླད་པར་ཁྲག་མཁོ་འདོན་མི་འདང་བར་གྲིབ་ནད་ཕོག་པ་དང་གློ་བུར་ཚེ་ལས་འདས་པ་སོགས་ཀྱི་ཉེན་ཁ་ཡོད།

ཡང་དག་པའི་བྱེད་ཐབས། གཉིད་ལས་སད་མ་ཐག་མིག་གདངས་ནས་ཉལ་ཁྲིའི་ཐོག་སྐར་ཆ30ཙམ་སྡོད་དགོས་པ་དང་། དེ་ནས་ཡར་དགྱེ་རྗེས་ཡང་སྐར་ཆ30ཙམ་སྡོད་དགོས་ལ། ཉལ་ཁྲིའི་ཟུར་དུ་སྐར་ཆ30ཙམ་སྡོད་པ་བཅས་བྱས་རྗེས་གཞི་ནས་ཉལ་ཁྲི་ལས་འབབ་དགོས།

གཉིས་པ། ཡར་ལངས་རྗེས་སྦྲང་རྩི་བླུགས་པའི་ཆུ་དང་ཚྭ་ཆུ་འཐུང་བ།

མི་ལ་ལ་ཞིག་ཞོགས་པར་ཡར་ལངས་རྗེས་སྦྲང་རྩི་བླུགས་པའི་ཆུ་དང་ཚྭ་ཆུ་འཐུང་རྒྱུར་དགའ་པོ་ཡོད། དོན་དངོས་ཐོག་བྱེད་སྟངས་དེའི་རིགས་ནི་ནོར་འཁྲུལ་གྱི་བྱེད་སྟངས་ཤིག་རེད།  ཡར་ལངས་མ་ཐག་ཚྭ་ཆུ་བཏུངས་ན་ཉིན་གཅིག་རིང་གཟུགས་པོར་མཁོ་བའི་ཚྭའི་སྤྱི་འབོར་མང་དྲགས་ནས་རུས་པ་སོབ་སོབ་ཆགས་པ་དང་ཁྲག་ཤེད་རྒྱས་པ་སོགས་ཀྱི་ཉེན་ཁ་འབྱུང་སྲིད། ད་དུང་། སྦྲང་རྩིའི་གྲུབ་ཆ70%ཡན་ནི་མངར་ཆ་ཡིན་པས། ཡར་ལངས་མ་ཐག་སྦྲང་རྩི་བླུགས་པའི་ཆུ་བཏུངས་ན་གཟུགས་པོའི་ནང་གི་ཁྲག་མངར་གར་ཚད་མཐོ་རུ་འགྲོ་བ་དང་། གཅིན་པ་མངར་འགྱུར་གྱི་ནད་པར་ཤིན་ཏུ་གནོད་པ་ཡོད།

ཡང་དག་པའི་བྱེད་ཐབས། ཞོགས་པ་ཡར་ལངས་རྗེས་ཆུ་ཁོལ་འཐུང་རྒྱུ་ནི་གདམ་ག་ཡག་ཤོས་ཤིག་ཡིན་པ་དང་། རབ་ཡིན་ན་ཆུ་ཁོལ་གྱི་དྲོད་ཚད་དེ་ཧྲ་ཧྲེ་ཏུའུ20ནས་40བར་ཚོད་འཛིན་བྱ་དགོས། གལ་ཏེ་ཆུ་ཁོལ་ཚ་དྲགས་ན་རྒྱུ་མའི་འབྲས་སྐྲན་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

གསུམ་པ། ཞོགས་ཟས་དུས་ལྟར་མི་ཟ་བ།

ལས་ཀར་འགྲོ་མཁན་དང་སློབ་གྲྭར་འགྲོ་མཁན་མི་ཚོགས་ཀྱི་ངོས་ནས་བརྗོད་ན། ཞོགས་པར་བྲེལ་བ་ཆེ་བས། མི་ལ་ལས་མང་ཙམ་གཉིད་པའི་ཆེད་དུ་ཞོགས་ཟས་ཟ་བཞིན་མེད། བྱེད་སྟངས་དེའི་རིགས་ཀྱིས་ཕོ་བའི་ནད་ཕོག་པ་དང་མཁྲིས་རྡོ་ཆགས་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་ལ། ད་དུང་ཤ་རྒྱགས་པ་ཆགས་པ་དང་ཤེས་ནུས་ཉམས་པ་སོགས་ཀྱང་འབྱུང་སྲིད།  གཞན་ཡང་།  ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན།  ཞོགས་པའི་ཆུ་ཚོད་བརྒྱད་ཀྱི་སྔོན་ལ་ཞོགས་ཟས་ཟ་བའི་གོམས་གཤིས་ཡོད་མཁན་དང་ཆུ་ཚོད་དགུ་པའི་རྗེས་སུ་ཞོགས་ཟས་ཟ་མཁན་བསྡུར་ན། ཆུ་ཚོད་དགུའི་རྗེས་སུ་ཞོགས་ཟས་ཟ་མཁན་ལ་གཅིན་པ་མངར་འགྱུར་གྱི་ནད་གཞི་ཕོག་ཚད59%ཡིས་མཐོ་བ་རེད། དེ་བས། ཡང་དག་པའི་བྱེད་ཐབས། ཞོགས་པའི་ཆུ་ཚོད་བདུན་པ་ནས་བརྒྱད་པའི་བར་ལ་ངེས་པར་ཞོགས་ཟས་བཟའ་དགོས།

རྩོམ་སྒྲིག་པ།  ལྷ་མོ་ཚེ་རིང།