རྐང་ལག་ཁ་ནད་ཀྱི་ནད་རྟགས་དང་སྔོན་འགོག་བྱེད་ཐབས།
2025.06.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

གནམ་གཤིས་ཇེ་དྲོད་དང་བརླན་ཚད་ཇེ་མང་དུ་སོང་བ་དང་བསྟུན་ནས།  རྐང་ལག་ཁ་ནད་འབྱུང་ཚད་ཇེ་མཐོར་འགྲོ་བཞིན་ཡོད།   དེ་བས།  ཚང་མས་སྔོན་འགོག་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ཚན་རིག་དང་མཐུན་པའི་འགོག་སྲུང་བྱེད་ཐབས་ལ་རྒྱུས་ལོན་བྱེད་དགོས།

རྐང་ལག་ཁ་ནད་ནི་རྒྱུ་མའི་ནད་དུག་སྣ་མང་གིས་བསྐྱེད་པའི་མྱུར་བའི་རང་བཞིན་གྱི་འགོས་ནད་ཅིག་ཡིན་ཞིང་།   གཙོ་བོ་ལོ་ལྔ་དང་དེའི་མན་གྱི་བྱིས་པར་འབྱུང་བ་མང་།    ནད་དེ་ལོ་ཧྲིལ་བོར་འབྱུང་སྲིད་ཅིང་། ལྷག་པར་དུ་ཟླ་བཞི་པ་ནས་བདུན་པ་དང་། དགུ་པ་ནས་བཅུ་གཅིག་གི་བར་ལ་འབྱུང་བ་མང་།

རྐང་ལག་ཁ་ནད་འགོས་པ་ནས་ནད་རྟགས་འབྱུང་རག་བར་སྤྱིར་བཏང་ཉིན་གཉིས་ནས་བཅུ་དགོས་པ་དང་།   ནད་པ་མང་ཤོས་ལ་ཉིན་གསུམ་ནས་ལྔ་དགོས།   དེའི་ནད་རྟགས་ལ་ཚ་རྒྱག་པ་དང་ཁ་ནང་གི་འབྱར་སྐྱིར་ཆུ་འབྲུམ་འབུད་པ།  ལག་པ་དང་རྐང་བ།   འཕོངས་གནས་བཅས་སུ་དེའི་འབྲུམ་ཁྲ་ཐིག་དང་ཆུ་འབྲུམ་འབུད་པ།    ད་རུང་ལུ་བ་དང་སྣ་ཆུ་བཞུར་བ།   ཟས་ཀྱི་ཡི་ག་ཞན་པ་སོགས་ཡོད།   བྱིས་པར་རྒྱུན་དུ་ནད་རྟགས་ཅུང་ཡང་ཞིང་ཉིན་བདུན་ནས་བཅུའི་བར་དྲག་བསྐྱེད་འབྱུང་ཐུབ།  ཡིན་ཡང་ནད་རྟགས་ལྕི་བའི་བྱིས་པ་ཉུང་ཤས་ལ་ནད་གཞི་མགྱོགས་མྱུར་ངང་ཇེ་སྡུག་ཏུ་སོང་ནས་དབང་རྩའི་མ་ལག་གི་བླ་གཉན་འབྱུང་བ་དང་དབང་བོ་མང་པོའི་ནུས་པ་ཇེ་ཞན་དུ་འགྲོ་སྲིད་པར་མ་ཟད།  ཚབས་ཆེ་ན་ཚེ་སྲོག་ལའང་ཉེན་ཁ་ཡོད།

རྐང་ལག་ཁ་ནད་ཇི་ལྟར་སྔོན་འགོག་བྱེད་དགོས་ཤེ་ན།   སྔ་མོ་ནས་འགོག་སྨན་རྒྱབ་ན་རྐང་ལག་ཁ་ནད་ནུས་ཡོད་སྒོས་སྔོན་འགོག་བྱེད་ཐུབ་པར་མ་ཟད།   འབྱུང་ཚད་ཀྱང་ཇེ་ཉུང་དུ་གཏོང་ཐུབ།   དེ་མིན་བྱིས་པའི་རྩེད་ཆས་དང་གསོལ་ཆས་སོགས་གཙང་བཀྲུ་བྱས་ཏེ་དུས་བཅད་ལྟར་དུག་སེལ་བྱེད་དགོས་པ་དང་།   ཐེངས་གཅིག་རང་བཞིན་མིན་པའི་བྱིས་པའི་གཅིན་སྟན་གཙང་མར་བཀྲུས་ནས་ཉི་མར་ལྡེ་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།