གཞང་འབྲུམ་ནི་གཞང་གི་འབྱར་སྐྱིའི་འོག་དང་གཞང་ཁའི་སྦུ་གུའི་པགས་འོག་གི་སྡོད་རྩའི་ཚོམ་ཆེ་རུ་བསྐྱེད་པ་དང་གུག་འཁྱོག་ཏུ་གྱུར་བ་སོགས་ལས་བྱུང་བའི་འཇམ་ལ་མཉེན་པའི་སྡོད་རྩའི་ཚོགས་པ་ཞིག་ཡིན། གཞང་འབྲུམ་ནི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་ལ། ལོ་ན་ཆེ་ཆུང་གང་ལ་ཡང་འབྱུང་བ་ཡིན། གཞང་འབྲུམ་ལ་དབྱེ་ན་ནང་འབྲུམ་དང་ཕྱི་འབྲུམ། འདྲེས་འབྲུམ་བཅས་གསུམ་ཡོད། ནད་བབ་ཡང་ན་ནད་རྟགས་མེད་པ་དང་། ཚབས་ཆེ་ན་གཞང་ཁ་གཟེར་བ་དང་ཐུར་དུ་འཕྱངས་བ། བཤང་བར་ཁྲག་འདྲེས་པ། བཤང་བ་གཏོང་དཀའ་བ་སོགས་ཡོད།
ནད་བྱུང་གི་ཁྱད་ཆོས་ཀྱི་སྐོར།
གཅིག ན་ཟུག་མེད་པར་བཤང་བ་བཏང་རྗེས་ཁྲག་དམར་ལ་དྭངས་བ་འབྱུང་བ་ནི་ཕལ་ཆེར་ནང་འབྲུམ་དང་འདྲེས་འབྲུམ་གྱི་ཐོག་མའི་ནད་རྟགས་ཡིན།
གཉིས། གཞང་འབྲུམ་ནད་པ་མང་ཆེ་བར་བཤང་བ་གཏོང་སྐབས་ཁྲག་ཐིགས་པའམ་ཡང་ན་ཤོག་བུའི་ཐོག་ཁྲག་འགོས་པ། ཚབས་ཆེ་ན་ཁྲག་མང་པོ་བཞུར་བ་ཡིན།
གསུམ། བཤང་བ་དང་ཁྲག་གཉིས་ཕན་ཚུན་འདྲེས་མེད་པའང་ཡོད།
གསོ་བཅོས་བྱེད་ཐབས་སྐོར།
བཤང་བ་གཏོང་སྐབས་རྒྱུན་དུ་ཁྲག་ཐོན་པའི་རྐྱེན་གྱིས་ཁྲག་མི་འདང་བའི་གནས་ཚུལ་འབྱུང་སྲིད་པས། ངེས་པར་དུ་དགོས་ངེས་ཀྱི་གསོ་བཅོས་བྱས་ན་བཟང་།
གཅིག ནད་རྟགས་མེད་པའི་གཞང་འབྲུམ་ལ་ཟས་སྐོམ་ཁོ་ནར་མཉམ་འཇོག་བྱས་ན་ཆོག སྔོ་ཚོད་ཀྱི་རིགས་དང་སིལ་ཏོག་མང་དུ་ཟོས་ཏེ་བཤང་བ་བདེ་བར་གཏོང་ཐུབ་པར་བྱེད་དགོས།
གཉིས། གལ་ཏེ་ཁྲག་ཉུང་ཙམ་བཞུར་ན། བརྒྱ་ཆའི་གཅིག་ནས་གཉིས་ཀྱི་ཚྭ་ཆུའི་ནང་དུ་སེང་རས་སྦངས་ནས་གཞང་ཁ་གནན་ཏེ་ཁྲག་གཅོད་དགོས།
གསུམ། གཞང་ཁའི་ནང་ཚ་སེལ་ཟུག་གཅོག་གི་སྨན་བཅུག་ནས་ཚ་བ་སེལ་བའི་ནུས་པ་ཐོན་དུ་འཇུག་དགོས།
བཞི། གལ་ཏེ་ཁྲག་མང་དུ་བྱུང་ན་སྨན་ཁང་དུ་སོང་ནས་བརྟག་བཅོས་བྱེད་དགོས།
གོང་གི་ཤེས་བྱ་འདི《གློ་བུར་བའི་ནད་དང་ཕྱི་རྐྱེན་ལས་རྨས་པའི་ནད་རིགས་གསོ་ཐབས་མཛུབ་སྟོན་སྒྲོན་མེ》ལས་བདམས་པ་ཡིན།