“ངས་ནམ་རྒྱུན་བརྙན་འཕྲིན་ལ་བལྟས་ཏེ་མཚན་གུང་བར་དུ་བསྡད་པ་ཡིན། འདི་ལྟར་བསྡད་ན་རིམ་བཞིན་གཉིད་འགྲོ། ཡིན་ནའང་ནངས་མོར་ལངས་དུས་མགོ་ཡུ་འཁོར་བ་སོགས་མི་བདེ་བ་འབྱུང་།” “ང་སྔ་མོ་ནས་ཉལ་བ་ཡིན་མོད། འོན་ཀྱང་གཉིད་པའི་དུས་ཡུན་ཧ་ཅང་ཐུང་། མིག་མ་བཙུམས་པར་མཚན་གང་བོར་ལུས་པའི་སྡུག་བསྔལ་དེ་བཟོད་དཀའ་བ་ཞིག་རེད།” སྨན་ཁང་དུ་རྒན་པ་ཚོ་ལ་གཉིད་མ་ཡོང་བར་སྨན་པར་སྟོན་པའི་སྣང་ཚུལ་རྒྱུན་པར་མཐོང་ཐུབ།
དེས་ན་རྒན་པ་གཉིད་འཕྱི་བ་དང་གཉིད་ཉུང་ན་གནོད་པ་གང་དག་ཡོད་དམ།
གཉིད་འཕྱི་བའི་གནོད་པ།
གཅིག རྒན་པ་ཚོའི་གཉིད་སྙོམ་སྒྲིག་ནུས་པ་མར་ཆག་ཡོད་པས། གཉིད་འཕྱི་ན་མུ་མཐུད་དུ་ཉིན་མཚན་ཆོས་ཉིད་ལ་གཏོར་བརླག་ཐེབས་ཏེ། གཉིད་མི་ཡོང་བ་དང་སྔ་མོ་ནས་སད་སླ་བ་ཡིན། དུས་ཡུན་རིང་བོར་ཉིན་མཚན་ཆོས་ཉིད་ལ་གཏོར་བརླག་ཐེབས་ཚེ། ཧོན་ལོག་པ་སོགས་དབང་རྩ་ཉམས་པའི་ནད་འབྱུང་ཚད་ཇེ་མགྱོགས་སུ་འགྲོ་ངེས།
གཉིས། ཁྲག་རྩའི་བདེ་ཐང་ལ་གནོད་པ། རྒན་པ་ཚོ་གཉིད་འཕྱི་ན་མཚན་མོར་ཁྲག་ཤེད་གཡོ་འགུལ་བྱས་ཏེ། སྙིང་རྩའི་ནད་འབྱུང་བ་དང་གཟའ་ཕོག་པ་སོགས་ཀྱི་ཉེན་ཁ་ཡོད། དེ་མིན་སྙིང་ལྡིང་ཚད་རྒྱུན་ལྡན་མིན་པར་འགྱུར་བ་དང་། ཐ་ན་གློ་བར་དུ་འཆི་ཡང་སྲིད།
གསུམ། བརྗེ་ཚབ་ནུས་པ་རྒྱུན་ལྡན་མིན་པར་འགྱུར་བ། གཉིད་པའི་དུས་ཚོད་ཕྱིར་བསྣུར་ན་གཤེར་མའི་ཕུང་རྩི་ཟགས་ཐོན་འཁྲུགས་པར་གྱུར་ཏེ། ཁྲག་མངར་ཚོད་འཛིན་བྱེད་དཀའ་བ་དང་། མཚན་ཕུད་པའམ་གཉིད་འཕྱི་ན་རིམས་འགོག་ཕྲ་ཕུང་གི་གསོན་གཤིས་མར་ཆག་འགྲོ་བས། རྒན་པ་ཚོར་ནད་འབྱུང་སླ་ཞིང་སླར་སོས་ནུས་པ་ཇེ་དམའ་རུ་འགྱུར་ངེས།
གཉིད་ཉུང་བའི་གནོད་པ།
གཅིག དྲན་ཤེས་ཇེ་ཞན་དུ་འགྱུར་བ། གཉིད་མ་འདང་ཚེ་གཉིད་སྟུག་པོ་ལོག་སྐབས་ཀྱི་རྨེན་གཤེར་ཕྲ་ཕུང་མ་ལག་གིས་སིང་ཕྱེ་རྣམ་པའི་སྤྲི་དཀར་གཙང་སེལ་བྱེད་པའི་ལས་ཕྱོད་ཇེ་དམའ་རུ་འགྲོ་བ་དང་། དུས་མཚུངས་སུ་དབང་རྩའི་གཞི་ཡི་གསོན་གཤིས་ཇེ་ཆེར་བཏང་ནས། སྐྱེ་གྲུབ་ཇེ་མང་དང་གཙང་སེལ་ཇེ་ཉུང་དུ་འགྲོ་བའི་འཁོར་རྒྱུག་མི་ལེགས་པ་གྲུབ་སྲིད་ཅིང་། དུས་ཡུན་རིང་བོར་སིང་ཕྱེ་རྣམ་པའི་སྤྲི་དཀར་བསགས་ན། མིའི་ཀླད་པར་གནོད་སྐྱོན་ཐེབས་ཏེ། དྲན་པ་དང་ཤེས་པ་ཇེ་ཞན་དུ་འགྲོ་ངེས།
གཉིས། སེམས་ཁམས་ཀྱི་གནད་དོན་བསྐྱེད་པ། གཉིད་མ་འདང་ཚེ་ཀླད་པའི་དབང་རྩའི་བརྒྱུད་སྤྲོད་དངོས་རྫས་ཀྱི་དོ་མཉམ་ལ་ཤུགས་རྐྱེན་ཐེབས་ཏེ། དྭངས་ཁྲག་རྒྱུ་དང་ཏའོ་པ་ཨན་གྱི་ཆུ་ཚད། པགས་རྫས་ཕྲུན་སོགས་སྐུལ་རྒྱུའི་གར་ཚད་མར་ཆག་འགྲོ་ལ། ལུས་ཁམས་ཀྱི་འགྱུར་ལྡོག་འདི་དག་གིས་སེམས་ཁྲལ་དང་སུན་སྣང་སོགས་སེམས་ཁམས་མི་ལེགས་པ་སྐྱེད་སྲིད།
གསུམ། གཟུགས་པོའི་བྱེད་ལས་མྱུར་མོར་ཇེ་ཞན་དུ་འགྱུར་བ། གཉིད་མ་འདང་ན་གཟུགས་པོའི་བྱེད་ལས་ཞན་འགྱུར་ཇེ་མགྱོགས་སུ་གཏོང་བ་སྟེ། དཔེར་ན་ཤ་གནད་སྤྲི་དཀར་གྲུབ་པར་གེགས་རྐྱེན་ཐེབས་པ་དང་ཤ་གནད་ཇེ་ཉུང་དུ་འགྲོ་བ། ཤ་གནད་ཀྱི་སྟོབས་ཤུགས་ཇེ་ཞན་དུ་འགྲོ་བ། དབང་རྩ་དང་ཤ་གནད་ཀྱི་མཐུན་སྦྱོར་ལ་གནོད་སྐྱོན་ཐེབས་པ། ཀླད་པས་རྐང་ལག་འགུལ་སྐྱོད་ལ་ཚོད་འཛིན་བཟང་བོ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་འབྱུང་སྲིད་ལ། དུན་ཡུན་རིང་བོར་དེ་ལྟར་བྱས་ན། རྒན་པ་ཚོ་འགྱེལ་བ་དང་རུས་ཆག་འབྱུང་བའི་ཉེན་ཁ་ཇེ་མཐོར་འགྲོ་བ་ཡིན།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།