བྱིས་པའི་བརྒྱལ་གཟེར་ནད་ཀྱི་ནད་རྟགས་དང་སྨན་བཅོས་བྱེད་ཐབས།
2025.06.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

བརྒྱལ་གཟེར་ནི་ཆེས་རྒྱུན་མཐོང་གི་དལ་བའི་རང་བཞིན་གྱི་བྱིས་པའི་དབང་རྩའི་མ་ལག་གི་ནད་རིགས་ཤིག་ཡིན་ཞིང་། ལོ་གསུམ་མན་གྱི་བྱིས་པར་འབྱུང་བ་ཅུང་མང་།

བརྒྱལ་གཟེར་ལ་རིགས་སྣ་མང་ཡོད་པ་དང་འབྱུང་སྟངས་ཀྱང་འདྲ་མིན་སྣ་ཚོགས་ཡོད།    རྒྱུ་མཚན་ནི་ཀླད་པས་ལུས་ཕུང་གི་ཕྱོགས་སོ་སོར་ཚོད་འཛིན་བྱེད་བཞིན་ཡོད་པས།   བྱིས་པར་ཡང་དེ་བསྟུན་གྱི་ནད་རྟགས་འབྱུང་བཞིན་ཡོད།   འཁུམ་འདར་བྱེད་པ་ནི་བརྒྱལ་གཟེར་གྱི་ཆེས་རྒྱུན་མཐོང་གི་ནད་རྟགས་ཤིག་ཡིན་པ་དང་། དེ་ལའང་ནད་རྟགས་ལྕི་མོ་དང་ཡང་མོ་གཉིས་ཡོད།   འོན་ཀྱང་འཁུམ་འདར་བྱེད་པ་ཡོད་ཚད་བརྒྱལ་གཟེར་དུ་འགྱུར་བའི་ངེས་པའང་མེད་དེ།  དཔེར་ན།  འཁུམ་འདར་བྱེད་པའི་ནད་པ་ལྔའི་ཁྲོད་ནས་ནད་པ་གཅིག་བརྒྱལ་གཟེར་དུ་འགྱུར་ཉེན་ཡོད།

བརྒྱལ་གཟེར་གྱི་དཔེར་མཚོན་རང་བཞིན་མིན་པའི་ནད་རྟགས་ལ་ཁོག་པ་ན་བ་དང་སྐྱུག་པ།  སྐད་ཆ་གང་བྱུང་དུ་བཤད་པ།   མགྱུགས་མྱུར་ངང་མིག་རྡེབ་པ།   རྣམ་རིག་མི་གསལ་བ་སོགས་ཡོད།   བརྒྱལ་གཟེར་འབྱུང་བར་དུས་རྒྱུན་རྒྱུ་རྐྱེན་གསལ་བོ་མེད་པས།   ཁྱིམ་བདག་རྣམས་ཀྱིས་བྱིས་པའི་རྒྱུན་ལྡན་མིན་པའི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་།  གལ་ཏེ་བྱིས་པར་རྒྱུན་ལྡན་མིན་པའི་གནས་ཚུལ་ཐེངས་གཉིས་བྱུང་ན།  ངེས་པར་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱེད་དགོས།

མི་མང་པོ་ཞིག་གིས་བརྒྱལ་གཟེར་གྱིས་རྒྱུད་འདེད་བྱེད་མིན་ལ་སེམས་ཁུར་བྱེད་བཞིན་ཡོད།   བརྒྱལ་གཟེར་ལ་རིགས་ཆེན་པོ་གཉིས་ཡོད་དེ།  གཅིག་ནི་རྒྱུད་རྒྱུ་ལ་གནད་དོན་ཡོད་པས་རྒྱུད་འདེད་བྱེད་སྲིད་མོད།  འོན་ཀྱང་གནས་ཚུལ་དེའི་རིགས་ཀྱིས་ཟིན་པའི་བསྡུར་ཚད་ཧ་ཅང་དམའ།  མང་ཆེ་བ་ནི་རྗེས་ཀྱི་རྒྱུད་རྒྱུར་ཐོལ་འགྱུར་བྱུང་བ་ལས་བསྐྱེད་པ་རེད།  རིགས་གཞན་ཞིག་ནི་མཐུད་འབྱུང་རང་བཞིན་གྱི་བརྒྱལ་གཟེར་ཡིན།  དེ་ནི་ཕྱི་རྐྱེན་ལས་བསྐྱེད་པ་ཡིན་ཏེ།   དཔེར་ན་མགོ་ལ་རྨས་སྐྱོན་ཕོག་པ་དང་བཙའ་སྐབས་རྨས་སྐྱོན་བྱུང་བ།    ལྷན་སྐྱེས་རང་བཞིན་གྱི་ནད་རིགས།   བརྗེ་ཚབ་གནད་དོན་སོགས་ལས་བསྐྱེད་པ་ཡིན།

བརྒྱལ་གཟེར་བྱུང་བའི་བྱིས་པ་མང་པོ་ཞིག་ལ་ནད་ཀྱི་རྒྱུ་རྐྱེན་ཤེས་ཀྱིན་མེད།  རྒྱུད་འདེད་རྒྱུད་རྒྱུ་ལ་གནད་དོན་ཡོད་པའི་བརྒྱལ་གཟེར་ནད་པ་མང་ཆེ་བའི་ནད་ཀྱི་འབྱུང་རྐྱེན་ནི་རྗེས་ཀྱི་རྒྱུད་རྒྱུར་ཐོལ་འགྱུར་བྱུང་བ་དེ་རེད།  སྤྱིར་བཏང་སྦྲུམ་དུས་ཀྱི་རྒྱུད་རྒྱུར་ཐོལ་འགྱུར་བྱུང་བ་ལས་བསྐྱེད་པ་མ་གཏོགས་ཕ་མ་ལས་རྒྱུད་འདེད་བྱས་པ་ཞིག་ཕལ་ཆེར་མ་རེད། བརྒྱལ་གཟེར་གྱི་ནད་པ་མང་ཆེ་བ་རྒྱུད་འདེད་མ་རེད།

བརྒྱལ་གཟེར་གྱི་གསོ་བཅོས་བྱེད་ཐབས་གཙོ་བོ་ནི་སྨན་རྫས་ཀྱིས་གསོ་བཅོས་བྱེད་པ་དེ་ཡིན་ཞིང་། དེ་ནས་གཤགས་བཅོས་ཀྱི་གསོ་བཅོས་བྱེད་ཐབས་ཡིན། ཚད་ལྡན་གྱི་སྨན་བཅོས་བྱས་པ་བརྒྱུད་བརྒྱ་ཆའི་དྲུག་ཅུ་ནས་བདུན་ཅུའི་ནད་པ་སྨན་རྫས་ལ་བརྟེན་ནས་ཚོད་འཛིན་བྱེད་ཐུབ།   སྤྱིར་བཏང་དུ་ནད་པས་བསྟུད་མར་ལོ་གསུམ་ནས་ལོ་ལྔ་ལ་སྨན་བསྟེན་དགོས།   གལ་ཏེ་ལོ་གསུམ་ནས་ལྔར་སྨན་བསྟེན་རྗེས་བརྒྱལ་གཟེར་གྱི་ནད་རྟགས་མ་བྱུང་ཚེ་སྨན་བསྟེན་ཚད་ཇེ་ཉུང་དུ་གཏོང་བའམ་བསྟེན་མཚམས་བཞག་ཆོག   ཡང་བརྒྱ་ཆའི་སུམ་ཅུ་ཡས་མས་ཀྱི་ནད་པར་ཚད་ལྡན་དང་ལུགས་མཐུན་ངང་བརྒྱལ་གཟེར་འགོག་པའི་སྨན་རྫས་ཀྱིས་སྨན་བཅོས་བྱས་ཀྱང་ནུས་ཡོད་སྒོས་ཚོད་འཛིན་བྱེད་མི་ཐུབ།   དེ་ནི་སྨན་རྫས་ཀྱིས་བཅོས་དཀའ་བའི་བརྒྱལ་གཟེར་གྱི་རིགས་ཡིན་པས།   གཤགས་བཅོས་ཀྱི་བྱེད་ཐབས་སྤྱོད་དགོས་པར་མ་ཟད།  གཤགས་བཅོས་ཀྱི་སྔ་གཞུག་ཏུ་ད་རུང་དུས་ཚོད་ངེས་ཅན་ཞིག་གི་ནང་བརྒྱལ་གཟེར་འགོག་པའི་སྨན་བསྟེན་དགོས།

གཤགས་བཅོས་ཀྱི་སྨན་བཅོས་བྱེད་ཐབས་ཐད་ནས།  ཁྱིམ་བདག་ལ་ལ་ཞིག་གཤགས་བཅོས་བྱེད་རྒྱུར་སྐྲག་གིན་ཡོད་པ་དང་ཡང་ཁྱིམ་བདག་ལ་ལ་ཞིག་གིས་སྨན་བསྟེན་མི་འདོད་པར་གཤགས་བཅོས་ཀྱི་བྱེད་ཐབས་བརྒྱུད་དེ་བརྒྱལ་གཟེར་སྨན་བཅོས་བྱེད་འདོད་ཀིན་ཡོད།  ད་ལྟ་སྨན་བཅོས་ལག་རྩལ་ཧ་ཅང་དར་རྒྱས་ཆེ་བས།  གལ་ཏེ་གཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་ཚེ་གཤགས་བཅོས་ཀྱི་སྨན་བཅོས་བྱེད་ཐབས་སྤྱད་ཆོག   སྤྱིར་བཏང་གཤགས་བཅོས་ཀྱི་སྨན་བཅོས་བྱེད་ཐབས་ཀྱིས་བརྒྱལ་གཟེར་མང་ཆེ་བ་འགོག་ཐུབ་པ་ཡིན།  གཤགས་བཅོས་བྱས་རྗེས་ནད་པས་ལོ་གཅིག་ནས་གཉིས་ལ་སྨན་བསྟེན་དགོས་པ་དང་།  གལ་ཏེ་དེའི་ནང་བརྒྱལ་གཟེར་གྱི་ནད་རྟགས་མ་བྱུང་ཚེ་སྨན་བསྟེན་ཚད་ཇེ་ཉུང་དུ་གཏོང་བའམ་བསྟེན་མཚམས་བཞག་ཆོག

སྨན་རྫས་ཀྱི་གསོ་བཅོས་བྱེད་ཐབས་སྤྱད་ཀྱང་ཕན་པ་མེད་པའི་བརྒྱལ་གཟེར་ནད་པ་ལ་ལར་སྨན་པས་ཚིལ་མཐོ་བ་དང་ཐཱན་ཆུ་འདྲེས་འགྱུར་རྫས་དམའ་བ།  སྤྲི་དཀར་རྫས་མཐོ་བའི་བཟའ་བཏུང་གི་གསོ་བཅོས་བྱེད་ཐབས་སྤྱོད་བཞིན་ཡོད།  བྱེད་ཐབས་དེ་ངེས་པར་དུ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས།  ཉུང་མཐར་ཡང་ལོ་གཅིག་གི་ཡན་ལ་རྒྱུན་འཁྱོངས་བྱེད་དགོས།

གོང་གི་ཤེས་བྱ་འདི<<མཚོ་སྔོན་ཞིང་ཆེན་བདེ་ཐང་སློབ་གསོ་ཁང>>གིས་འདོན་སྤྲོད་བྱས་པ་ཡིན།

ལྷ་མོ་ཚེ་རིང་གིས་བསྒྱུར།