དབྱར་ཁ་ཚ་གདུག་ཆེ་བས། མི་མང་པོ་ཞིག་ཉིན་གུང་གཉིད་རྒྱུར་དག་པོ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་གུང་གཉིད་ན་ལུས་སེམས་གཉིས་ཀར་ཕན་ཐོགས་ཆེ་ཡང་། གཉིད་པའི་དུས་ཚོད་རིང་དྲག་ན་དེ་ལས་ལྡོག་སྟེ་ལུས་པོར་གནོད་པ་ཆེན་པོ་ཡོད། དེས་ན་ཞོལ་ནས་ཉིན་གུང་གཉིད་པའི་དགེ་སྐྱོན་འགའ་ངོ་སྤྲོད་ཅིག་བྱེད།
གཅིག ཉིན་གུང་གཉིད་པའི་བཟང་ཆའི་སྐོར།
གཅིག སེམས་ཁམས་གསོ་བར་ཕན་པ།
ཉིན་གུང་གི་དུས་ཚོད་ཆུ་ཚོད་བཅུ་གཅིག་ནས་ཆུ་ཚོད་གཅིག་བར་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་གཉིད་ན་སྙིང་ཁམས་གསོ་བར་ཕན་ཐོགས་ཡོད་པར་མ་ཟད། ངལ་དུབ་སེལ་བ་དང་སེམས་ཁམས་ཞི་ལྷོད་ཡོང་བར་ཕན་ཐོགས་ཆེ།
གཉིས། གཉིད་ཁ་གསབ་བྱེད་ཐུབ།
གནམ་གཤིས་ཚ་གདུག་ཆེ་བས་མི་རྣམས་ཀྱི་གཉིད་ཀྱི་དུས་ཚོད་དང་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དགོང་མོ་གཉིད་ཀྱིས་མ་འདང་ན་ ཉིན་གུང་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་གཉིད་ཚེ་གཉིད་ཁ་གསབ་བྱས་ནས་ལུས་སེམས་གཉིས་ཀའི་ངལ་དུབ་སེལ་ཐུབ།
གསུམ། ཀླད་པར་སྲུང་སྐྱོབ་བྱེད་ཐུབ།
ཉིན་གུང་གཉིད་པ་ནི་ཀླད་པའི་བྱེད་ནུས་གསོ་བའི་ཐབས་མཆོག་ཅིག་ཡིན། དེས་བློ་རིག་དང་ལས་ཆོད་མཐོ་རུ་གཏོང་ཐུབ། ཀྲུང་ལུགས་གསོ་རིག་གིས་ཉིན་གུང་གཉིད་ན་སེམས་ཁམས་དང་སྙིང་ཁམས་གསོ་ནུས་པར་མ་ཟད། ཀླད་པ་གསལ་བོར་ཡོང་ཐུབ་པར་ངོས་འཛིན་བྱེད་ཀྱི་ཡོད།
བཞི། མིག་ལ་སྲུང་སྐྱོབ་ཐུབ་པ།
མིག་བཙུམ་ནས་གཉིད་ལོག་པའི་གནས་སྐབས་སུ། མིག་འབྲས་ལ་ངལ་གསོ་ཐེབས་ནས་མིག་ཤེད་ཇེ་ཞན་དུ་འགྲོ་བ་སྔོན་འགོག་བྱེད་ཐུབ་ལ། སྐབས་དེར་མིག་ཆུའི་འབྱུང་གནས་ཀྱིས་ཀྱང་མིག་ཆུ་ཟགས་ཐོན་བྱེད་འགོ་བརྩམས་ཏེ་མིག་འབྲས་སྐམ་པོ་བརླན་པར་བྱེད་ཐུབ།
ལྔ། ལུས་ཀྱི་སྐྱི་པགས་ཉམས་གསོ་ཐུབ་པ།
ཉིན་གུང་འོས་འཚམ་སྒོས་གཉིད་ན་མཚན་མོའི་གཉིད་མི་འདང་བ་ཁ་གསབ་བྱེད་པར་ཕན་པ་དང་། ལུས་པོའི་སྐྱི་པགས་ཉམས་གསོ་ལ་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་ཐུབ།
གཉིས། ཉིན་གུང་གཉིད་ཡུན་རིང་ན་ལུས་པོར་གནོད་པ་ཆེ་བའི་སྐོར།
གོང་ནས་ཉིན་གུང་སྐར་མ་ཉི་ཤུ་ནས་སུམ་ཅུའི་རིང་གཉིད་པའི་བཟང་ཆའི་སྐོར་བཤད་ཟིན་མོད། འོན་ཀྱང་ཉིན་གུང་གཉིད་ཡུན་རིང་ན་ལུས་པོའི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཡོད།
གཅིག བརྗེ་ཚབ་འདུས་ནད་ཀྱི་ཉེན་ཁ་ཇེ་ཆེར་འགྲོ་བ།
ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་གུང་གཉིད་པའི་དུས་ཡུན་སྐར་མ་སུམ་ཅུ་ལས་བརྒལ་ན་བརྗེ་ཚབ་འདུས་ནད་ཀྱི་ཉེན་ཁ41%འཕར་སྲིད་པ་དང་། གྲིབ་ནད་ཀྱི་ཉེན་ཁ27%ཡན་འཕར་སྲིད།
གཉིས། ཤི་བའི་ཉེན་ཁ་དང་སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ།
ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་གུང་གཉིད་པའི་དུས་ཚོད་ཆུ་ཚོད་གཅིག་ལས་བརྒལ་ན་ཤི་བའི་ཉེན་ཁ30%འཕར་སྲིད་པ་དང་། སྙིང་ཁམས་ཁྲག་རྩའི་ནད་ཕོག་པའི་ཉེན་ཁ35%འཕར་སྲིད།
གསུམ། སྙིང་ཁ་འདར་བའི་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་བ།
ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཉིན་གུང་གཉིད་པའི་དུས་ཚོད་སྐར་མ་སུམ་ཅུ་ལས་བརྒལ་བའི་མིར་སྙིང་ཁ་འདར་བའི་ནད་ཕོག་པའི་ཉེན་ཁ་ཆེ་བ་དང་། ཉིན་གུང་སྐར་མ་བཅོ་ལྔ་ནས་སུམ་ཅུའི་བར་གཉིད་པའི་མིར་སྙིང་ཁ་འདར་བའི་ནད་ཕོག་པའི་ཉེན་ཁ་ཆུང་བ་ཡིན། མདོར་ན། ཚ་གདུག་ཆེ་བའི་དབྱར་ཁའི་དུས་སུ། ཉིན་གུང་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་གཉིད་ན་ལུས་སེམས་གཉིས་ཀར་ཕན་ཐོགས་མང་པོ་ཡོད་ཀྱང་། གཉིད་པའི་དུས་ཡུན་རིང་དྲག་པ་དང་། ཉིན་གུང་ཟ་མ་ཟོས་མ་ཐག་མྱུར་དུ་གཉིད་པ། ཁ་སྦུབ་ཏུ་ལོག་ནས་གཉིད་པ་སོགས་ཀྱི་གོམས་གཤིས་ངན་པ་མ་སྤང་ན་ལུས་པོར་གནོད་པ་ཧ་ཅང་ཆེ་བས། ཉིན་གུང་གཉིད་པའི་དུས་ཡུན་ཡག་ཤོས་ནི་སྐར་མ་ཉི་ཤུ་ནས་སུམ་ཅུའི་བར་ཡིན།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།