ཁྲག་རྩ་རྒྱུན་ལྡན་མིན་པའི་སྐབས་སུ་སོ་བལ་ན་མི་བཟང་།
2025.06.30 ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཀློག་གྲངས། 0

རྒན་པ་རྣམས་ཀྱིས་སོ་འབལ་སྐབས་ཉེན་ཁ་གཉིས་འབྱུང་སྲིད་དེ། དེ་ནི་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་སྙིང་ལྡིང་ཚད་ལ་ཤུགས་རྐྱེན་ཐེབས་པ་གཉིས་ཡིན། དེ་བས། གལ་ཏེ་གཤམ་གྱི་གནས་ཚུལ་འདི་གསུམ་ཡོད་ཚེ། གནས་སྐབས་གཅིག   སྙིང་ནད་ཚབས་ཆེན་བྱུང་ཡོད་པའི་སྐབས་ཏེ། དཔེར་ན་ཟླ6གི་ནང་ལ་སྙིང་རྩ་འགག་པའི་ནད་བྱུང་མྱོང་བའམ་ཉེ་ལམ་ཡང་ནས་བསྐྱར་དུ་སྙིང་གཟེར་ལངས་པ། སྙིང་གི་ནུས་པ་རིམ་པ4བར་ལྷུང་བ། ཡར་ཙོག་ཙོག་བྱས་ཏེ་དབུགས་འབྱིན་རྔུབ་བྱ་དགོས་པ། ངོ་གདོང་སྨུག་པོར་གྱུར་པ། སྐེ་རྩ་སྦོས་པ། ཁོག་སྨད་སྐྲངས་པ་སོགས་ཀྱི་སྐབས་དང་།  སྙིང་གི་སྐྱི་འདབ་ནད་སོགས་འཕར་བཞིན་པའི་སྐབས་སུ་སོ་འབལ་མི་རུང་ལ། ཁྲག་འཁེངས་པ་འགོག་པའི་སྨན་འཐུང་བཞིན་པའི་སྐབས་དང་སྙིང་ཤག་འདར་བའི་ནད་ཅན་གྱིས་རང་འདོད་ལྟར་སོ་བལ་ན། ཁྲག་རེངས་པ་དང་ཀླད་རྩ་འགག་པ་སོགས་ཀྱི་གནས་ཚུལ་འབྱུང་སྲིད།

གཉིས། ཁྲག་ཤེད་ཚོད་འཛིན་བྱས་པ་མི་བཟང་བའི་སྐབས། གལ་ཏེ་ཁྲག་ཤེད་མཐོ་བ་གཅིག་པུ་ཙམ་ལས་ནད་གཞན་མེད་པ་དང་། ཁྲག་ཤེད་ཀྱང་ 180/110མན་ཡིན་ན། སྤྱིར་བཏང་དུ་སོ་བལ་ནའང་ཉེན་ཁ་ཆེན་པོ་མེད། འོན་ཏེ། ཁྲག་ཤེད་གཏན་འཇགས་མིན་པ་དང་མགོ་ན་བ། མགོ་ཡུ་འཁོར་བ་སོགས་ཀྱི་ནད་རྟགས་ཡོད་ན། སོ་མ་བལ་སྔོན་གྱི་ཁྲག་ཤེད180/100མན་དུ་ཡོད་ནའང་། གནས་སྐབས་སོ་འབལ་རྒྱུ་ཕྱིར་སྣུར་བྱས་ཏེ། ཁྱིམ་ལ་སོང་ནས་ཉིན7གྱི་རིང་ལ་ཁྲག་ཤེད་ཀྱི་འགྱུར་ལྡོག་ལ་བརྟག་དགོས་པ་དང་། སྙིང་ནད་ཚན་ཁག་ཏུ་ཕྱིན་ཏེ་ཁྲག་ཤེད་མཐོ་ཚད་ཚབས་ཆེན་ཡིན་མིན་དང་སྨན་བཏུང་དགོས་མིན་འདྲི་དགོས་ལ། ཁྲག་ཤེད་གཏན་འཇགས་བྱུང་རྗེས་ད་གཟོད་སོ་བལ་ཆོག གལ་ཏེ་ཁྲག་ཤེད་མཐོ་བའི་ཞོར་ལ་ཀླད་སྙིང་ཁྲག་རྩའི་ནད་ཡོད་ན། ཁྲག་ཤེད160/90མན་ལ་བབས་རྗེས་ད་གཟོད་སོ་བལ་ན་འགྲིག

གསུམ། ཁྲག་མངར་ཚོད་འཛིན་བྱས་པ་མི་བཟང་བའི་སྐབས། གཅིན་སྙི་ཟ་ཁུའི་ནད་པ་རྣམས་ཀྱིས་སོ་བལ་རྗེས་རེད་པའི་ཉེན་ཁ་ཧ་ཅང་ཆེ། དེ་བས་སོ་མ་བལ་པའི་སྔོན་ལ་ཁྲག་མངར་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱ་དགོས་ཏེ། ལྟོ་སྟོང་སྐབས་ཀྱི་ཁྲག་མངར་མཐོ་ཚད་ཧའོ་མོར་རེ་ལ་ཧྲིན8.8ལས་བརྒལ་ན། གནས་སྐབས་སུ་སོ་འབལ་མི་རུང་།

དེ་མིན་དྲན་སྐུལ་བྱེད་རྒྱུ་ཞིག་ལ། ཀླད་སྙིང་ནད་ཡོད་ནའང་། སོ་འབལ་བའི་ཆ་རྐྱེན་དང་མཐུན་པའི་ནད་པ་རྣམས་ཀྱིས་ཀྱང་སེམས་ཆུང་བྱ་དགོས་ཏེ། བློ་ཡུལ་འདས་པའི་ཉེན་ཁ་མི་འབྱུང་བའི་ཆེད་དུ། སོ་མ་བལ་པའི་སྔོན་ལ་སྙིང་ནད་ཚན་ཁག་ཏུ་སོང་སྟེ་སོ་བལ་ཆོག་མིན་ལ་ཕྱོགས་ཡོངས་ནས་གདེང་འཇོག་བྱེད་དུ་འཇུག་འོས། དེ་བས་ཚད་ལྡན་གྱི་སོའི་སྨན་ཁང་དུ་སོང་ནས་སོ་འབལ་རྒྱུ་གལ་ཆེ།

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།