གཅིན་སྐྱུར་དུས་ཡུན་རིང་བོར་མཐོ་ན་དྲེག་གྲུམ་འབྱུང་བའི་ཉེན་ཁ་ཇེ་ཆེར་གཏོང་བ་དང་རུས་ཚིགས་ལ་གནོད་པར་མ་ཟད། གཅིན་སྐྱུར་ཁྲག་ནད་བྱུང་ནས་ཡུན་རིང་འགོར་ན་མཁལ་མའི་ནད་བསྐྱེད་པར་མ་ཟད། ཀླད་སྙིང་ཁྲག་རྩ་སོགས་ལའང་གནོད་པ་སྐྱེལ་ངེས། དེ་བས་དུས་ཡུན་རིང་བོར་ཁྲག་གི་གཅིན་སྐྱུར་ཚད་དང་ལྡན་པར(<360 μmol/L)བྱ་རྒྱུ་ནི་དྲེག་གྲུམ་ནད་པས་གཅིན་སྐྱུར་ཇེ་དམའ་རུ་གཏོང་བའི་སྨན་བཅོས་ཀྱི་རྩ་དོན་གཙོ་བོ་ཞིག་ཡིན། གཅིན་སྐྱུར་ཇེ་དམའ་རུ་གཏོང་ན་ཟས་སྤྱོད་གོམས་གཤིས་སྙོམ་སྒྲིག་བྱེད་པའི་གྲོས་གཞི་འདི་བདུན་པོར་མཉམ་འཇོག་བྱ་དགོས།
གཅིག བདེ་ཐང་གི་བཟའ་བཅའ་བསྟེན་དགོས་ཏེ། སྔོ་ཚལ་གསར་བ་མང་དུ་ཟ་བ་དང་། སྒོ་ང་དང་སྣུམ་ཉུང་བའི་བཟའ་བཅའ། སྣུམ་བཏོན་འོ་བཟོས་བཟའ་བཅའ། ཚད་མ་ལོངས་པའི་རྒྱུ་མང་ཚིལ་སྐྱུར(ω-3)འདུས་ཚད་མང་བའི་ཉ་ཤ་དང་སྲན་མའི་རིགས། སྲན་བཟོས་བཟའ་བཅའ་སོགས་བསྟེན་པ་བརྒྱུད་དེ་སྤུས་ལེགས་སྤྲི་དཀར་རྒྱུ་བསྡུ་ལེན་བྱ་དགོས། མཁལ་མའི་ནུས་པ་རྒྱུན་ལྡན་མིན་མཁན་ཚོས་ངེས་པར་དུ་ཆེད་ལས་སྨན་པའི་མཛུབ་སྟོན་འོག་གོང་གི་བཟའ་བཅའ་འདི་དག་བསྟེན་དགོས།
གཉིས། མཁལ་མའི་ནུས་པ་རྒྱུན་ལྡན་ཡིན་མཁན་གྱིས་ངེས་པར་ཆུ་མང་དུ་འཐུང་དགོས། སྣུམ་ཉུང་བའམ་སྣུམ་བཏོན་འོ་བཟོས་བཏུང་བྱ་བཏུང་ཆོག་ལ། ཁུ་ནག་དང་ཚ་ལུ་མའི་ཁུ་བ། ཀུ་ཤུའི་ཁུ་བ་སོགས་སིལ་མངར་འདུས་པའི་བཏུང་བྱའི་རིགས་མ་འཐུང་ན་བཟང་།
གསུམ། སིལ་མངར་འདུས་ཚད་ཅུང་ཉུང་བའི་སིལ་ཏོག་སྟེ། འབྲི་ཏ་ས་འཛིན་དང་ཆུ་ཀུབ། ཁམ་བུ་སོགས་འོས་འཚམ་བསྟེན་ཆོག
བཞི། ཁྲག་ལ་བརྟག་དཔྱད་བྱས་ནས་ཁྲག་གཅིན་སྐྱུར་གྱི་ཆུ་ཚད་མཐོ་བའམ་དྲེག་གྲུམ་གྱི་ནད་བྱུང་མྱོང་མཁན་གྱིས་རབ་ཡིན་ན་ཆང་མ་འཐུང་ན་བཟང་།
ལྔ། ལུས་པོའི་ལྗིད་ཚད་ཚོད་འཛིན་བྱེད་དགོས།
དྲུག འགུལ་སྐྱོད་འོས་འཚམ་བྱ་དགོས་ཏེ། གཟའ་འཁོར་རེར་ཆེས་ཉུང་ནའང་ཆུ་ཚོད་གཉིས་དང་ཕྱེད་ཁའི་རིང་གི་དྲག་ཚད་འབྲིང་བའི་དབྱང་ལྡན་འགུལ་སྐྱོད་བྱ་འོས། འོན་ཀྱང་འགུལ་སྐྱོད་ཤུགས་དྲག་བྱས་ཏེ་དྲེག་གྲུམ་གྱི་ན་ཟུག་སློང་བར་གཡོལ་དགོས་ལ། འགུལ་སྐྱོད་བྱས་ཚར་རྗེས་དུས་ཐོག་ཏུ་ཆུ་ཁ་གསབ་བྱ་དགོས།
བདུན། དུ་བ་གཅོད་པ་དང་གཞན་གྱིས་འཐེན་པའི་དུ་བ་རྔུབ་པར་གཡོལ་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།