མེང(Mn)ནི་མིའི་ལུས་ཕུང་བདེ་ཐང་ལ་ཤིན་ཏུ་གལ་ཆེ་བའི་ཚད་ཉུང་མ་རྒྱུ་རིགས་ཤིག་ཡིན། དེས་རུས་པའི་བདེ་ཐང་སྲུང་འཛིན་དང་ཕྲ་ཕུང་ལ་གནོད་སྐྱོན་མི་ཐེབས་པར་སྲུང་སྐྱོབ་བྱེད་པ། ཁྲག་མངར་སྙོམས་སྒྲིག་བྱེད་པ་བཅས་ཀྱི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ང་ཚོར་ཉིན་རེར་མེང་ཉུང་ངུ་ལས་མི་མཁོ་མོད། ཡིན་ནའང་མང་དྲགས་པའམ་ཉུང་དྲགས་ན་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད།
མེང་གིས་མིའི་ལུས་ཕུང་ཁྲོད་གཤམ་གྱི་ནུས་པ་འདི་དག་འདོན་བཞིན་ཡོད།
ཕྲ་ཕུང་ལ་སྲུང་སྐྱོབ་བྱེད་པ། མེང་གིས་མིའི་ལུས་ཀྱི་གནོད་པ་ལྡན་པའི་རང་དབང་རྒྱུ་གཙང་སེལ་བྱེད་རོགས་བྱས་ཏེ་ཕྲ་ཕུང་ལ་གནོད་སྐྱོན་ཐེབས་པ་འགོག་ཐུབ།
རུས་པའི་བདེ་ཐང་ལ་ཕན་པ། མེང་གིས་རུས་པའི་གྲིམ་ཚད་དང་སྲ་གཤིས་སྲུང་འཛིན་བྱེད་རོགས་བྱས་ཏེ་རུས་ཆག་འབྱུང་བའི་ཉེན་ཁ་ཇེ་ཉུང་དུ་གཏོང་ཐུབ།
རྙིང་ཚབ་གསར་བརྗེ་ལ་སྙོམས་སྒྲིག་བྱེད་པ། མེང་གིས་མངར་ཆ་དང་ཚིལ། སྤྲི་དཀར་རྫས་བཅས་ཀྱི་རྙིང་ཚབ་གསར་བརྗེའི་ཁྲོད་གནད་འགག་གི་ནུས་པ་ཐོན་གྱིན་ཡོད་ཅིང་། རྒྱུན་ལྡན་གྱི་ཁྲག་མངར་ཆུ་ཚད་སྲུང་འཛིན་བྱེད་པར་ཕན།
ཟ་མ་རྒྱུན་ལྡན་ལྟར་ཟ་བའི་མི་ལ་སྤྱིར་བཏང་མེང་གིས་མི་འདང་བའི་སྣང་ཚུལ་འབྱུང་བ་ཤིན་ཏུ་ཉུང་། དུས་ཡུན་རིང་པོར་ཁ་འདེམ་ཆེ་བའམ་ཡང་ན་ནད་འགའ་ཞིག་ལས་མེང་མི་འདང་བར་འགྱུར་སྲིད། མེང་མ་འདང་ཚེ། འཚོ་བཅུད་ཀྱིས་མི་འདང་བ་དང་རུས་པ་རྒྱུན་ལྡན་མིན་པ། འགུལ་སྐྱོད་དོ་མི་མཉམ་པ་སོགས་འབྱུང་སྲིད། དེ་དང་མཐུན་པར་མེང་མང་དྲགས་ན་ཡང་བདེ་ཐང་ལ་གནོད་པ་ཡོད། ཚད་ཉུང་མ་རྒྱུ་གཞན་དང་བསྡུར་ན་མེང་གི་དུག་གཤིས་ཅུང་ཆུང་། བཟོ་ལས་ཁྲོད་མེང་གི་གཏེར་ཁའི་སྔོག་འདོན་དང་བཙོ་སྦྱངས། འཕྲུལ་ཆས་བཟོ་བའི་གོ་རིམ་ཁྲོད་ཀྱི་གློག་གིས་ཚ་ལ་གཏོང་བ། ཞིང་སྨན་སོགས་ཀྱི་ཐོན་སྐྱེད་དང་བཀོལ་སྤྱོད། ཐ་ན་རྡོ་སོལ་འབར་བ་སོགས་ཚང་མས་མིའི་རིགས་ཀྱི་འཚོ་གནས་ཁོར་ཡུག་ཁྲོད་མེང་གཏོང་བཞིན་ཡོད།
དུས་ཡུན་རིང་པོར་དབུགས་ལམ་བརྒྱུད་ནས་ཚད་ལས་བརྒལ་བའི་མེང་རྔུབ་ན་དབང་རྩའི་མ་ལག་ལ་གནོད་པ་འབྱུང་སྲིད། ཚབས་ཆེ་བ་ལ་སྨྱོ་ནད་ཚབས་ཆེན་གྱི་ནད་རྟགས་འབྱུང་སྲིད་དེ། འཕྲུལ་སྣང་དང་དྲག་སྤྱོད་སོགས་འབྱུང་སྲིད། ནད་རྟགས་སྔར་ལས་ཚབས་ཇེ་ཆེར་གྱུར་ན། རྐང་ལག་བཞིའི་ཤ་གནད་རྐྱོང་ཤུགས་ཇེ་མཐོར་འགྲོ་བ་དང་བྱ་སྤྱོད་འགོར་ཞིང་འཁོབ་ཏོ་ཡིན་པ། འགྲོ་དཀའ་བ་སོགས་འབྱུང་སྲིད།
མི་གང་དག་གིས་ཁྲག་མེང་འདུས་ཚད་ལ་བརྟག་དཔྱད་བྱེད་དགོས་སམ། མི་མང་ཆེ་བར་རྒྱུན་ལྡན་གྱི་བཟའ་བཏུང་ལ་བརྟེན་ནས་མེང་འདང་ངེས་ཤིག་འཐོབ་ཐུབ་མོད། ཡིན་ནའང་གཤམ་གྱི་མི་ཚོགས་རྣམས་ཀྱིས་མེང་མི་འདང་བའམ་མེང་མང་དྲགས་པར་ལྷག་ཏུ་མཉམ་འཇོག་དགོས།
ཡུན་རིང་ལ་འཚོ་བཅུད་ཀྱིས་མི་འདང་བའམ་ཁ་འདེམ་ཆེ་བ། གལ་ཏེ་བཟའ་བཏུང་ཁྲོད་དུས་ཡུན་རིང་པོར་མེང་མང་དུ་འདུས་པའི་ཟས་རིགས་ཏེ་དཔེར་ན་འབྲུ་རིགས་རྐྱང་བ་དང་ཤུན་མཁྲེགས་ཤིང་ཏོག ལོ་ལྗང་སྔོ་ཚོད་ལྟ་བུ་ཆད་ཚེ། མེང་སྡུད་ལེན་བྱས་པ་མི་འདང་བར་གྱུར་ཏེ་བདེ་ཐང་གི་ཉེན་ཁ་བསྐྱེད་སྲིད།
ཕོ་བ་དང་རྒྱུ་མའི་བཞུ་སྟོབས་ཞན་པ། གལ་ཏེ་ཕོ་བ་དང་རྒྱུ་མའི་ནད་ཕོག་པའམ་ཡང་ན་ཕོ་བ་དང་རྒྱུ་མའི་བཤགས་བཅོས་བྱས་མྱོང་ཚེ། སྡུད་ལེན་བྱས་པ་མི་བཟང་བས་མེང་མི་འདང་བར་འགྱུར་སྲིད།
དུས་ཡུན་རིང་པོར་སྐྱུར་འགོག་སྨན་རྫས་བཀོལ་བ། སྐྱུར་འགོག་སྨན་རྫས་ལ་ལས་མེང་སྡུད་ལེན་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། དུས་ཡུན་རིང་པོར་སྨན་འདི་དག་བསྟེན་པའི་མི་ཚོགས་མེང་མི་འདང་བའི་ཉེན་ཁར་འཕྲད་སྲིད།
གལ་ཏེ་མི་ཞིག་གིས་རྒྱུན་ལྡན་གྱི་བཟའ་བཏུང་ལ་བརྟེན་ནས་འཚོ་བཅུད་ལེན་མི་ཐུབ་པར་སྨན་ཁབ་ལ་བརྟེན་ནས་ཐད་ཀར་འཚོ་བཅུད་འདོན་སྤྲོད་བྱེད་པར་བརྟེན་དགོས་ཚེ། མེང་མང་དྲགས་པའི་ཉེན་ཁར་འཕྲད་སྲིད། དུས་ཡུན་རིང་པོར་སྨན་ཁབ་འཚོ་བཅུད་ལ་བརྟེན་ན་ལུས་ཕུང་ནང་མེང་གསོག་འཇོག་བྱེད་སྲིད། དེ་བས་དུས་བཅད་ལྟར་ཁྲག་མེང་བརྟག་དཔྱད་བྱས་ན་བཟང་།
མེང་མཐོ་བའི་ཁོར་ཡུག་ཁྲོད་བྱ་བ་སྒྲུབ་པ། དཔེར་ན་ཚ་ལ་རྒྱག་མཁན་གྱི་བཟོ་པ་དང་གཏེར་འདོན་བཟོ་པ་སོགས་དུས་ཡུན་རིང་པོར་མེང་མཐོ་བའི་ཁོར་ཡུག་ཁྲོད་འདུག་པའི་མི་ཚོགས་ནི། མེང་གི་ས་རྡུལ་རྔུབ་པས་ལུས་ཀྱི་མེང་འདུས་ཚད་ཇེ་མཐོར་འགྲོ་སྲིད་ཅིང་དབང་རྩའི་མ་ལག་གི་ནད་འབྱུང་ཡང་སྲིད། དུས་བཅད་ལྟར་ཁྲག་མེང་བརྟག་དཔྱད་བྱས་ན་བཟང་།
མཆིན་པ་དང་མཁྲིས་པའི་ནད་འབྱུང་བ། གལ་ཏེ་ཁྱོད་ལ་མཆིན་པ་དང་མཁྲིས་པའི་ནད་བྱུང་ཡོད་ཚེ། དཔེར་ན་མཆིན་པའི་བྱེད་ནུས་ཆ་མི་ཚང་བའམ་མཁྲིས་ཁུ་བསགས་པའི་ནད་རྟགས་ཡོད་ཚེ། མེང་ཕྱིར་འབུད་བྱེད་པར་བཀག་རྒྱ་ཐེབས་པས། ལུས་ལ་མེང་ཚད་ལས་བརྒལ་བ་གསོག་འཇོག་བྱེད་སྲིད་ཅིང་དུག་ཕོག་པའི་ཉེན་ཁའང་བསྐྱེད་སྲིད་པས། དུས་བཅད་ལྟར་ཁྲག་མེང་བརྟག་དཔྱད་བྱས་ན་བཟང་།
གལ་ཏེ་བརྟག་དཔྱད་བྱས་པ་བརྒྱུད་ལུས་ཀྱི་མེང་འདུས་ཚད་ཅུང་དམའ་ན། ཐོག་མར་བཟའ་བཏུང་ལ་བརྟེན་ནས་ཁ་གསབ་བྱས་ན་བཟང་། མེང་མང་དུ་འདུས་པའི་ཟས་རིགས་ཏེ། དཔེར་ན་ཡུག་པོ་དང་སྟར་ཀ ཚོད་སྣག་སོགས་མང་དུ་བཟའ་དགོས། དུས་མཚུངས་སུ་ཇ་ལྗང་དང་ཇ་ནག་འཐུང་ན་བཟང་། གལ་ཏེ་བརྟག་དཔྱད་མཇུག་འབྲས་ལས་མེང་མང་དྲགས་པར་བསྟན་ཡོད་ཚེ། ཁྱོད་ཀྱིས་སྨན་པའི་ངག་བཞིན་དུ་མེང་འདུས་པའི་སྨན་རྫས་ཇེ་ཉུང་དུ་གཏོང་བའམ་ཡང་ན་མཚམས་འཇོག་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།