དབྱར་ཁ་གནམ་གཤིས་ཚ་བ་ཆེ་བས། མི་མང་པོ་ཞིག་གིས་ཉིན་རེར་ཁྲུས་བྱེད་བཞིན་ཡོད། འོན་ཀྱང་ལུས་པོ་བཀྲུ་སྐབས་ཞིབ་ཕྲའི་གནས་ཚུལ་ཁ་ཤས་ལ་དོ་སྣང་མ་བྱས་ན་བསམ་ཡུལ་ལས་འདས་པའི་གནད་དོན་འབྱུང་སྲིད། ལུས་པོ་བཀྲུ་སྐབས་གཤམ་གྱི་ནོར་འཁྲུལ་བརྒྱད་ལས་གཡོལ་དགོས།
གཅིག དབྱར་ཁར་ཚ་སེལ་སྦྱོར་སྨན་སྦྱར་རྗེས་ལུས་པོ་འཁྲུ་མི་རུང་། དབྱར་ཁར་ཚ་སེལ་སྦྱོར་སྨན་སྦྱར་རྗེས་དེ་མ་ཐག་ལུས་པོ་འཁྲུ་མི་རུང་བར་མ་ཟད། ལུས་པོའི་ཆ་ཤས་ཁག་གཅིག་ལ་ཤུགས་ཆེན་པོས་འཕུར་མཉེད་གཏོང་མི་རུང་ལ། མཁའ་རླུང་སྙོམས་ཆས་ཐད་ཀར་མི་གཏོང་བ་སོགས་བྱེད་དགོས། དེ་ལྟར་མ་བྱས་ན་སྨན་རྫས་ཀྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད།
གཉིས། ཆུའི་དྲོད་ཚད་མཐོ་མི་རུང་། ཆུའི་དྲོད་ཚད་མཐོ་དྲགས་ན། དངངས་སྐྲག་སྐྱེ་བ་དང་བྲང་ཁོག་བདམས་པ། མགོ་ཡུ་འཁོར་བ་སོགས་མི་བདེ་བའི་སྣང་ཚུལ་སྣ་ཚོགས་ཐོན་སྲིད་ལ། ཚབས་ཆེ་ན་ད་དུང་ཁྲག་ཤེད་དམའ་དྲགས་པ་དང་ཐ་ན་དྲན་པའང་ཐོར་སྲིད། ཁྲག་ཤེད་མཐོ་བ་དང་འཕར་རྩ་སྲ་འགྱུར། སྙིང་རྩ་འགག་པའི་ནད་སོགས་གཅོང་ནད་ཡོད་པའི་མིར་མཚོན་ན། ལུས་པོ་འཁྲུ་སྐབས་ཆུའི་དྲོད་ཚད་མཐོ་དྲགས་པ་ནི་ཉེན་ཁ་ཆེ་བའི་བྱ་སྤྱོད་ཅིག་ཡིན། ཆུ་དྲོན་མོས་ལུས་པོ་འཁྲུ་བ་དང་བསྟུན་ནས། ལུས་ཡོངས་ཀྱི་ཁྲག་རྩ་ཕྲ་མོ་རྒྱས་པ་དང་། སྙིང་དང་ཀླད་པ་སོགས་དབང་པོ་གལ་ཆེན་གྱི་ཁྲག་ལྟོས་བཅས་ཀྱིས་ཉུང་དུ་སོང་ནས་སྙིང་དང་ཀླད་པའི་ཁྲག་རྩ་དང་འབྲེལ་བ་ཡོད་པའི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་སྲིད།
གསུམ། སྐྱི་པགས་ནི་མིའི་ལུས་ཕུང་གི་དབང་པོ་ཆེ་ཤོས་ཡིན་ཞིང་། རང་ངོས་འགོག་སྲུང་གི་ཆ་གཙོ་བོ་དེ་ཡིན། སྐྱི་པགས་ལ་གཙང་སྦྲ་ཚད་ལས་བརྒལ་བ་བྱས་ན་པགས་ཚིལ་གཤེར་རྨེན་གྱིས་སྣུམ་ཚིལ་འདང་ངེས་ཟགས་ཐོན་བྱེད་མ་ཐུབ་པར། སྐྱི་པགས་སྐམ་ཤས་ཆེ་བ་དང་། སྐྱི་ནགས་གས་པ་སོགས་ཀྱི་ནད་རྟགས་ཐོན་སྲིད། ཐ་ན་པགས་པའི་ནད་འགོག་ནུས་པ་ཇེ་ཆུང་དུ་སོང་ནས་པགས་ནད་ཇེ་སྡུག་ཏུ་འགྲོ་སྲིད།
བཞི། གནམ་གཤིས་ཚ་བ་ཆེ་དུས་ཆུ་གྲང་མོས་ལུས་པོ་འཁྲུ་མི་རུང་། དབྱར་དུས་རྔུལ་ཆུ་ཐོན་རྗེས་ལུས་ཀྱི་སྤུ་ཁུང་ཚང་མ་ཕྱེས་ཡོད་ཅིང་། ཆུ་གྲང་མོས་ལུས་པོ་བཀྲུས་ན་ཁྲག་རྩ་མགྱོགས་མྱུར་འཁུམ་ནས། ཁྲག་ཤེད་མཐོ་རུ་འགྲོ་བ་དང་སྙིང་ཁྲག་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནས་ཚུལ་ཐོན་སྲིད། ལྷག་པར་དུ་ཁྲག་ཤེད་མཐོ་བའི་རྒན་རྒོན་ཚོས་དེ་བས་ཡིད་གཟབ་བྱེད་དགོས། ཆུ་གྲང་མོས་ལུས་པོ་བཀྲུས་ན་ད་དུང་དབུགས་འཚང་དང་གློ་ཡུའི་མཉན་ཚད་སོགས་དབུགས་ལམ་ནད་དང་དེ་བཞིན་ཕོ་རྒྱུའི་ནད་ཐོན་སླ།
ལྔ། ཆམ་ནད་ཕོག་རྗེས་ལུས་པོའི་ཟུངས་ཞན་པའི་དུས་སུ་ལུས་པོ་འཁྲུ་མི་རུང་། རྒན་པ་ལ་ཆམ་ནད་ཕོག་ནས་ལུས་པོའི་ཟུངས་ཞན་པའི་དུས་སུ་ལུས་པོ་བཀྲུས་ན་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་སྲིད་པས། ངེས་པར་དུ་ཆམ་ནད་དྲག་སྐྱེད་བྱུང་བའི་རྗེས་ནས་ལུས་པོ་འཁྲུ་དགོས། གལ་ཏེ་ངེས་པར་དུ་ལུས་པོ་འཁྲུ་དགོས་ན་ནང་མིའི་ལྟ་སྐྱོང་འོག་འཁྲུ་དགོས།
དྲུག ཟ་མ་ཟས་མ་ཐག་ལུས་པོ་འཁྲུ་མི་རུང་། དེ་ཡང་ཟ་མ་ཟས་རྗེས་ཀྱི་ཆུ་ཚོད་གཅིག་ནང་ཁྲག་གཙོ་བོ་ཕོ་བ་དང་རྒྱུ་ལམ་དུ་འདུས་ཡོད་པས། སྐབས་དེར་ལུས་པོ་བཀྲུས་ན་སྙིང་ཁྲག་མཁོ་སྤྲོད་མི་འདང་བར་འགྱུར་སྲིད།
བདུན། ཆང་འཐུང་རྗེས་འཕྲལ་དུ་ལུས་པོ་འཁྲུ་མི་རུང་། སྐབས་དེར་ལུས་པོ་བཀྲུས་ན་ལུས་པོའི་ཁྲག་རྩ་རྒྱས་ནས། ཁྲག་འབོར་ཆེན་ནང་ཁྲོལ་ནས་ལུས་ངོས་སུ་རྒྱུག་སྟེ་ཀླད་པ་དང་། སྙིང་། མཁལ་མ་སོགས་དོན་སྣོད་གལ་ཆེན་ལ་ཁྲག་དང་དབྱང་རླུང་མི་འདང་བར་སྙིང་གཟེར་དང་སྙིང་ཤ་འགག་པའི་ནད་ཐོན་སྲིད།
བརྒྱད། འགུལ་སྐྱོད་བྱས་རྗེས་འཕྲལ་དུ་ལུས་པོ་འཁྲུ་མི་རུང་། སྐབས་དེར་ལུས་པོ་བཀྲུས་ན་ཤ་གནད་དང་སྐྱི་པགས་ཀྱི་ཁྲག་རྩ་རྒྱས་ནས། ཤ་གནད་དང་སྐྱི་པགས་ལ་རྒྱུག་པའི་ཁྲག་དེ་བས་མང་དུ་ཕྱིན་ཏེ་དབང་པོ་གཞན་དག་ལ་ཁྲག་མཁོ་འདོན་བྱེད་ཚད་མི་འདང་བ་དང་། སྙིང་དང་ཀླད་པར་ཁྲག་འདང་གི་མེད། ལྷག་པར་དུ་ཁྲག་ཤེད་མཐོ་བའི་ནད་དང་སྙིང་རྩ་འགག་པའི་ནད་ཕོག་པའི་མིར་མཚོན་ན། སྙིང་དང་ཀླད་པའི་ཁྲག་རྩའི་མ་ལག་གི་ནད་རིགས་མྱུར་དུ་འབྱུང་སྲིད།
བདེ་ཐང་དང་བདེ་འཇགས་ངང་ལུས་པོ་འཁྲུ་སྟངས།
གཅིག ཆུ་དྲོད་དང་ལུས་དྲོད་སྙོམས་པོ་བྱུང་ན་ལེགས། ལུས་འཁྲུ་སྐབས་ཆུའི་དྲོད་ཚད་ཚོད་འཛིན་ཡག་པོ་བྱེད་དགོས་ཤིང་། སྤྱིར་བཏང་ཆུ་དྲོད་དང་ལུས་དྲོད་སྙོམས་པོ་བྱུང་ན་ལེགས།
གཉིས། དུས་ཚོད་སྐར་མ15ནས20བར་ལ་ཚོད་འཛིན་བྱས་ན་ལེགས། ལངས་ནས་བཀྲུ་བ་དང་ཁྲུས་གཞོང་དུ་བཀྲུ་བ་གང་ཡིན་རུང་བཀྲུ་བའི་དུས་ཡུན་རིང་མི་རུང་བར། རབ་ཡིན་ན་སྐར་མ15ནས20བར་ལ་ཚོད་འཛིན་བྱས་ན་ལེགས།
གསུམ། ལུས་པོ་འཁྲུ་སྐབས་སྔོན་ལ་གདོང་འཁྲུ་བ་དང་། དེ་རྗེས་གཟུགས་པོ་འཁྲུ་བ། མཇུག་ཏུ་མགོ་འཁྲུ་བ་བཅས་ཀྱི་གོ་རིམ་ལ་དོ་སྣང་བྱེད་དགོས་ཤིང་། སྔོན་ལ་གདོང་འཁྲུ་བའི་རྒྱུ་མཚན་ནི་ཆུ་དྲོན་མོས་ནང་ལུས་པོ་བཀྲུས་རྗེས་བ་སྤུའི་བུ་ག་མྱུར་དུ་ཁ་ཕྱེ་སྲིད་པས། སྔོན་ལ་གདོང་བཀྲུས་ན་གདོང་གི་བ་སྤུའི་བུ་གར་ཐལ་རྡུལ་མང་པོ་འཛུལ་བ་སྔོན་འགོག་བྱེད་ཐུབ། དེ་རྗེས་གཟུགས་པོ་འཁྲུ་བ་དང་མཐར་མགོ་འཁྲུ་དགོས། དེ་ལྟར་བྱས་ན་ཚ་གྲང་བརྗེ་རེས་ལས་ཀླད་པའི་ཁྲག་གི་འཁོར་རྒྱུག་ལ་ཤུགས་རྐྱེན་མི་ཐེབས་པ་བྱེད་ཐུབ་པ་དང་། མགོ་པགས་བདེ་ཐང་ལ་ཕན་ཐོགས་ཡོད།
བཞི། མ་ཉལ་གོང་གི་ཆུ་ཚོད་གཉིས་ཀྱི་སྔོན་ལ་འཁྲུ་དགོས། མི་མང་པོ་ཞིག་གིས་ཆུ་དྲོན་མོས་ལུས་པོ་བཀྲུས་རྗེས་མྱུར་དུ་ཉལ་བའི་གོམས་གཤིས་ཡོད། དོན་དངོས་ཐོག་དེ་ནི་གོམས་གཤིས་ངན་པ་ཞིག་རེད། ཆུ་དྲོན་མོས་ལུས་བཀྲུས་རྗེས་ལུས་དྲོད་ཆེ་རུ་སོང་ནས་གཉིད་མི་ཁུག་པའི་གནས་ཚུལ་འབྱུང་སྲིད།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།