རྔུལ་ཆུ་མང་པོ་ཐོན་མ་ཐག་མགྱོགས་མོར་ཁྲུས་བྱེད་པ་སོགས་བྱེད་མི་རུང་།
2025.07.05 ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། ཀློག་གྲངས། 0

དབྱར་ཁ་ཚ་བ་ཆེ་བའི་སྐབས་སུ། ང་ཚོ་ཕྱི་རོལ་ནས་ཁྱིམ་དུ་ལོག་སྐབས་རྒྱུན་དུ་ལུས་ནས་རྔུལ་ཆུ་མང་པོ་ཐོན་གྱི་ཡོད། མི་ཁ་ཤས་ཀྱིས་སྐབས་དེར་བཏུང་བྱ་འཁྱགས་པོ་འཐུང་བའམ་ཡང་ན་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས་ཀྱི་རླུང་དྲང་མོ་གཏོང་སྲིད་པ་དང་། ད་དུང་མི་ཁ་ཤས་ཀྱིས་མྱུར་དུ་ཁྲུས་ཁང་དུ་འཛུལ་ནས་ལུས་པོ་འཁྲུ་ངེས་ཡིན། དོན་དངོས་ཐོག་བྱེད་སྟངས་དེ་རིགས་ཀྱིས་ལུས་ཁམས་མི་བདེ་བར་འགྱུར་སྲིད་པ་དང་།  ཚབས་ཆེ་ན་བདེ་ཐང་ལ་གནོད་པ་བཟོ་སྲིད།

དེ་བས་དབྱར་དུས་རྔུལ་ཆུ་མང་པོ་ཐོན་རྗེས་གང་འདྲ་བྱེད་དགོས་སམ་ཞེ་ན།

རྔུལ་ཆུ་ཐོན་སྐབས་མིའི་ལུས་པོའི་ཁྲག་རྒྱུན་མགྱོགས་མྱུར་འཁོར་རྒྱུག་བྱེད་ཀྱི་ཡོད་པས། རྔུལ་ཆུ་ཐོན་ན་ལུས་དྲོད་གཏན་འཇགས་ཡོང་བར་ཕན་པ་ཡོད་མོད། འོན་ཀྱང་རྔུལ་ཆུ་ཐོན་རྗེས་གལ་ཏེ་གཤམ་གྱི་སྤྱོད་ལམ་འདི་དག་མ་སྤང་ན།  ཆམ་ནད་ཕོག་སླ་བ་དང་མགོ་ན་བ། ཐ་ན་སྙིང་དང་ཀླད་པའི་ཁྲག་རྩའི་གནོན་ཤུགས་ཇེ་ཆེར་འགྲོ་སྲིད།

གཅིག ལུས་པོའི་དྲོད་ཚད་ཧ་ཅང་མཐོ་བའི་སྐབས་སུ་མྱུར་དུ་མཁའ་རླུང་སྙོམས་ཆས་ཀྱི་རླུང་གྲང་མོ་གཏོང་བའི་ཁང་པའི་ནང་དུ་སོང་ནས་གྲང་རླུང་ཐད་ཀར་ལུས་ཐོག་ཏུ་བརྒྱབ་ན་ལུས་པོའི་དྲོད་ཚད་ལ་འགྱུར་བ་བྱུང་ནས།   ཆམ་ནད་ཕོག་པ་དང་གྲོད་པ་བཤལ་བ་སོགས་ཀྱི་ནད་འབྱུང་ཉེན་ཡོད། ད་དུང་སྙིང་དང་ཀླད་པའི་ཁྲག་རྩའི་གནོན་ཤུགས་ཇེ་ཆེར་གཏོང་སྲིད་པས།  མ་གཞི་ནས་ལུས་པོར་རྨང་གཞིའི་ནད་ཡོད་པའི་མི་ལ་དེ་བས་གནོད་པ་ཆེན་པོ་འབྱུང་སྲིད།

གཉིས། དྲོད་ཚད་མཐོ་བའི་སྐབས་མི་མང་པོ་ཞིག་གིས་ཆུ་གྲང་མོའམ་ཆུ་ འཁྱགས་འཐུང་སྲིད། དེས་ཕོ་རྒྱུའི་འབྱར་སྐྱིར་གནོན་ཤུགས་ཐེབས་ཏེ་ཁ་ཕྱེ་ནས་ཡོད་པའི་ཁྲག་རྩ་ཕྲ་མོ་དེ་དག་འཁུམ་འགྲོ་བས། ཕོ་རྒྱུའི་གཉན་ཚད་དང་གྲོད་པ་བཤལ་པའི་ནད་འབྱུང་ཉེན་ཡོད། དྲོད་ཚད་གློ་བུར་དུ་ཆག་པའི་དབང་གིས་ད་དུང་ཁྲག་རྩ་འཁུམ་སྲིད་པས།  སྙིང་གཟེར་དང་སྙིང་རྩ་འགག་པ། ཀླད་པ་རེང་འགག་སོགས་ཀྱི་ནད་ཚབས་ཆེན་སློང་ཉེན་ཡོད།

གསུམ། རྔུལ་ཆུས་གྱོན་ཆས་བརླན་པར་བཟོ་སྲིད་པས། གྱོན་ཆས་བརླན་པ་དེ་དག་མ་བརྗེས་ན་ཆམ་ནད་ཕོག་ཉེན་ཡོད་པ་དང་། རྔུལ་ཆུ་ཐོན་དྲགས་པ་དེས་པགས་པར་གནོད་སྐྱོན་ཐེབས་སྲིད།  གལ་ཏེ་གྱོན་པའི་སྤུས་ཀ་ཡག་པོ་མེད་ན། རྔུལ་ཆུ་སྐམ་དཀའ་བས་ལུས་པོར་པགས་ནད་གཞན་སློང་ཉེན་ཡོད།

རྔུལ་ཆུ་མང་པོ་ཐོན་རྗེས། འདི་ལྟར་བྱས་ན་ལུས་པོའི་བདེ་ཐང་ལ་ཕན་ཐོགས་ཡོད།

གཅིག ལུས་ཡོངས་སུ་རྔུལ་ཆུ་མང་པོ་ཐོན་རྗེས། ཅུང་ཟད་ངལ་གསོ་རྒྱག་དགོས་པ་དང་། རྔུལ་ཆུ་སྐམ་རྗེས་ད་གཟོད་ཆུ་དྲོད་འཇམ་གྱིས་ལུས་པོ་འཁྲུ་བའམ། ཡང་ན་ལག་ཕྱིས་སྐམ་པོའམ་ལག་ཕྱིས་དྲོད་འཇམ་གྱིས་ལུས་པོ་ཕྱིས་ཆོག

གཉིས། གོན་པ་བརླན་པར་གྱུར་རྗེས་གང་མགྱོགས་གོན་པ་སྐམ་པོ་བརྗེ་དགོས།

གསུམ། སྔོན་ལ་ཆུ་དྲོད་འཇམ་གྱིས་ཁ་བཤལ་ནས་སྐོམ་པ་སེལ་དགོས། སྐར་མ10ཡི་རྗེས་སུ་ཐེངས་འགའ་ལ་དབྱེ་ནས་ཆུ་ཉུང་ཉུང་རེ་འཐུང་སྟེ། རྔུལ་ཆུའི་ནང་མཉམ་དུ་ཟགས་ཐོན་ཤོར་བའི་ཚྭ་རྒྱུ་ཁ་གསབ་བྱེད་དགོས། དེ་ནས་ཆུ་ཚོད་ཕྱེད་ཀའི་རྗེས་སུ་ཆུ་མང་ཙམ་འཐུང་ནས་ལུས་པོའི་དབང་པོ་ཁག་གི་རྙིང་ཚབ་གསར་བརྗེའི་དགོས་མཁོ་སྐོང་དགོས།  ཐེངས་རེར་ཧའོ་ཧྲེང་100ནས་150བར་འཐུང་ན་ཆོག གལ་ཏེ་ད་དུང་སྐོམ་པ་སེལ་མ་ཐུབ་ན།  སྐར་མ3ནས5བར་འགོར་རྗེས་ཡང་བསྐྱར་ཆུ་ཉུང་ཙམ་འཐུང་ཆོག
བཞི། དུས་རྒྱུན་རྔུལ་ཆུ་ཅུང་མང་པོ་ཐོན་མཁན་ཡིན་ཚེ། སྲན་མའི་རིགས་དང་འོ་མའི་རིགས་སོགས་ཀལ་རྒྱུ་མང་བའི་ཟས་རིགས་དང་། དེ་བཞིན་ཞོག་ཁོག་དང་ཤ་མོ་སོགས་ཅཱ་རྒྱུ་འདུས་ཚད་ཕུན་སུམ་ཚོགས་པའི་ཟས་རིགས་མང་ཙམ་ཟ་དགོས།  གཞན་སྐྱུར་དྲི་ཡིས་རྔུལ་ཆུ་ཟགས་ཐོན་ཉུང་དུ་གཏོང་ཐུབ་པ་དང་བཤལ་མཚམས་འཇོག་ཐུབ་པ། སྐོམ་པ་སེལ་ཐུབ་པ། ཕོ་ཁ་བདེ་བ་དང་ཟས་འཇུ་བ་སོགས་ཀྱི་ནུས་པ་ཐོན་པས།   རྒུན་འབྲུམ་དང་སྐྱུ་རུ་ར། འབྲི་ཏ་ས་འཛིན།  ཤིང་ཏོག་ཨ་མྲ་སོགས་རོ་སྐྱུར་བའི་ཤིང་ཏོག་གི་རིགས་ཟ་ཆོག

རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།