གཅིག ཆུ་མགྱོགས་པོར་འཐུང་བ།
གནམ་གཤིས་ཚ་གདུག་ཆེ་བ་དང་རྔུལ་ཆུ་མང་པོ་བཞུར་དུས་མི་ཁ་ཤས་ཤིག་ལ་ཆུ་འཁྱགས་འཐུང་བ་དང་ཆུ་མགྱོགས་པོར་འཐུང་བའི་གོམས་གཤིས་ཡོད། ནམ་དུས་གང་ལའང་ཆུ་འཐུང་བ་ནི་གལ་ཤིན་ཏུ་ཆེ་ན་ཡང་ཆུ་འཐུང་དུས་མགྱོགས་དྲགས་མི་རུང་། ཐེངས་རེར་ཧའོ་ཧྲེང100ནས150བར་འཐུང་ཚེ་འཚམ་པོ་ཡིན་ལ། ཆུ་དྲོད་འཇམ་འཐུང་ན་གྲང་མོ་ལས་སྐོམ་པ་སེལ་སླ་བ་དང་ལུས་པོར་ཕན་པ་ཆེན་པོ་ཡོད།
གཉིས། མཇིང་ཚིགས་འཁྱག་པ།
དབྱར་དུས་ཚ་བ་ཆེ་བའི་དུས་སུ་མི་ཁ་ཤས་ལ་དྲོད་སྙོམས་འཕྲུལ་ཆས་ཡོད་སར་འདུག་པའི་གོམས་གཤིས་ཡོད། འོན་ཀྱང་གལ་སྲིད་དེ་དང་ཐག་ཉེ་དྲགས་ཚེ་མཇིང་པའི་རྩ་འཁུམ་པ་དང་སྒལ་པ་སོགས་ན་སྟེ། མཇིང་ཚིགས་ཀྱི་ནད་ཕོག་ཉེན་ཆེན་པོ་ཡོད། དེར་བརྟེན། དྲོད་སྙོམས་འཕྲུལ་ཆས་དང་ཐག་ཉེ་སར་འདུག་མི་རུང་ལ་དྲོད་ཚད་ཧྲེ་ཧྲི་ཏུའུ26ལས་དམའ་མི་རུང་། རབ་ཡིན་ན་སྟོད་ཐུང་གྱོན་ནས་བསྡད་ན་བཟང་།
གསུམ། ཁྱིམ་ལ་གཙང་སྦྲ་མི་བྱེད་པ།
དྲོད་གཤེར་ལྡན་པའི་དུས་ནི་འབུ་ཕྲ་དང་ནད་དུག་མང་ཤོས་ཐོན་པའི་དུས་ཤིག་རེད། མི་མང་ཆེ་བས་དེ་དག་ཕྱི་ནས་བྱུང་བ་རེད་སྙམ་གྱི་ཡོད་ཀྱང་། དོན་དངོས་ཐོག་དེ་དག་ནི་ཐབ་ངོས་ཀྱི་ཐལ་རྡུལ་དང་མེ་ཏོག་གི་རྡུལ་སོགས་ལས་འབྱུང་གིན་ཡོད། དེར་བརྟེན། དབྱར་དུས་ཁྱིམ་ལ་ཉུང་མཐའ་ཡང་ཉིན་གཉིས་ནང་གཙང་སྦྲ་ཐེངས་རེ་བྱེད་དགོས།
བཞི། མིག་ལ་ཉི་འོད་ཕོག་པ།
དབྱར་དུས་ཉི་མའི་འོག་ཏུ་ཡུན་རིང་འདུག་པའམ་ལས་ཀ་བྱས་ཚེ་རྒས་ཚད་མགྱོགས་ལ་མིག་ནད་ཀྱང་ཕོག་སླ་བ་རེད། དེར་བརྟེན། གལ་སྲིད་སྔ་དྲོའི་དུས་ཚོད10ནས་ཕྱི་དྲོའི་དུས་ཚོད4པའི་གཡས་གཡོན་དུ་ཕྱིར་འགྲོ་སྐབས། ཞྭ་མོ་གྱོན་པ་དང་། ཉི་གདུགས་དང་མདོག་ལྡན་མིག་ཤེལ་གྱོན་པ་བཅས་བྱས་ན་མིག་ལ་སྲུང་སྐྱོབ་ཡག་པོ་བྱེད་ཐུབ། དབྱར་དུས་འབུ་ཕྲ་དང་ནད་དུག་མང་པོ་ཡོད་པས་ལག་པའི་གཙང་སྦྲར་དེ་བས་ཀྱང་དོ་སྣང་བྱེད་དགོས་པར་མ་ཟད། ལག་པས་མིག་ལ་གང་བྱུང་དུ་འཕུར་འཕུར་གཏོང་མི་རུང་།
ལྔ། ཕོ་བ་འཁྱག་པ།
དབྱར་དུས་ནི་རྒྱུ་མའི་གཉན་ཚད་མང་བོ་འབྱུང་བའི་དུས་ཤིག་དང་། འབུ་ཕྲ་དང་ནད་དུག་སོགས་ཀྱི་རྐྱེན་པས་ཕོ་བ་དང་རྒྱུ་མའི་ནད་ཕོག་སླ་བའི་དུས་ཤིག་རེད། མི་རྣམས་ཀྱིས་དགའ་ཤོས་བྱེད་པའི་གྲང་ཚལ་དང་ལྷག་པར་ཤིང་ཏོག་གཙང་མ་མ་བཀྲུས་པར་ཟོས་ན། ཕོ་རྒྱུའི་གཉན་ཚད་ཕོག་པའི་ཉེན་ཁ་ཤིན་ཏུ་ཆེ། དེར་བརྟེན། ནམ་རྒྱུན་གྲང་ཚལ་རིགས་ཉུང་ཟ་བྱེད་དགོས་པར་མ་ཟད། ཞོགས་པར་ལངས་མ་ཐག་དང་དགོང་མོ་ཉལ་ཁར་བཏུང་བྱ་གྲང་མོ་ཉུང་ཙམ་འཐུང་དགོས་པ་དང་ཟ་མ་དུས་ཐོག་ཏུ་ཟ་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།