
གཟུགས་པོའི་ལྗིད་ཚད་ནི་མི་ཞིག་གི་བདེ་ཐང་གནས་ཚུལ་ལ་ཚད་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་ཞིག་རེད། དེང་རབས་གསོ་རིག་ཞིབ་འཇུག་ལས་ར་སྤྲོད་བྱས་པ་ལྟར་ན། གཟུགས་པོ་ཚོ་དྲགས་པའམ་ཡང་ན་སྐམ་དྲགས་ན་བདེ་ཐང་ལ་གནོད་ཀྱི་ཡོད། དེས་ན། གཟུགས་པོའི་ལྗིད་ཚད་ཀྱི་ཚད་གཞི་ཡག་ཤོས་གང་ཡིན་པ་དང་། གཟུགས་པོའི་ལྗིད་ཚད་ལ་ཚོད་འཛིན་གང་འདྲ་བྱེད་དགོས་སམ་ཞེ་ན།
གཅིག གཟུགས་པོའི་ལྗིད་ཚད་ཀྱི་ཚད་གཞི་ཡག་ཤོས།
ལོ་བཅོ་བརྒྱད་ནས་རེ་བཞིའི་བར། གཟུགས་པོའི་ལྗིད་ཚད་སྟོན་གྲངས18.5—23.9 ཡིན་ན་བཟང་། ལོ་རེ་ལྔ་ཡན་གྱི་གཟུགས་པོའི་ལྗིད་ཚད་སྟོན་གྲངས20—26.9 ཡིན་ན་བཟང་། ལོ་བརྒྱད་ཅུ་ཡན་གྱི་གཟུགས་པོའི་ལྗིད་ཚད་སྟོན་གྲངས22—26.9 ཡིན་ན་བཟང་།
གོང་གསལ་ལྟར་རྒན་པའི་གཟུགས་པོའི་ལྗིད་ཚད་སྟོན་གྲངས་ན་གཞོན་ལས་མཐོ་བ་ཡོད་པའི་རྒྱུ་མཚན་ནི་རྒན་པ་ཚོ་གཟུགས་པོ་ཅུང་ཟད་ཚོ་ན་ལུས་སྟོབས་དང་ནད་འགོག་ནུས་པ་མི་ཉམས་པར་ཡུན་རིང་བདེ་ཐང་ཡོང་བར་ཕན་ཐོགས་ཡོད།
གཉིས། གཟུགས་པོའི་ལྗིད་ཚད་དམའ་རུ་གཏོང་ཐབས།
བདེ་ཐང་ཅན་གྱི་ལུས་པོའི་ལྗིད་ཚད་རྒྱུན་འཁྱོངས་བྱེད་དགོས་ན། གལ་ཆེ་ཤོས་ནི་ཟས་རིགས་སྤང་བླང་གི་ཆ་ཡིན།
འབྲས་དང་གྲོ་ཞིབ་ཟ་ཚད་ཉུང་དུ་གཏོང་དགོས།
ཞོག་ཁོག་རིགས་ཀྱིས་འབྲུ་རིགས་ངེས་ཅན་ཞིག་གི་ཚབ་བྱེད་དགོས་ཤིང་། མ་རྨོས་ལོ་ཏོག་དང་། བྲ་བོ། ཡུག་པོ། སྲན་ཆུང་། སྲན་ལྗང་སོགས་འབྲུ་རིགས་རྩིང་པོ་ཅུང་མང་ཙམ་ཟ་དགོས།
སྔོ་ཚལ་མང་ཙམ་ཟ་དགོས།
དཔེར་ན། ལ་ཕུག་དང་པོའོ་ཚལ། ཤ་མོ། སྨྱུག་རྩ་སོགས་སྔོ་ཚལ་མང་ཙམ་ཟ་དགོས།
ཤ་ཟ་ཚད་ལ་ཚོད་འཛིན་བྱེད་དགོས་པ་དང་སྣུམ་དང་ཚྭ་འདུས་ཚད་མཐོ་བའི་ཟས་རིགས་གང་ཐུབ་ཀྱིས་ཉུང་ཙམ་ཟ་དགོས།
མངར་ཆ་ཉུང་བའི་ཤིང་འབྲས་ཟ་དགོས།
ཤིང་འབྲས་ལ་འཚོ་རྒྱུ་ཕུན་སུམ་ཚོགས་པ་འདུས་ཡོད་པ་མ་ཟད། ལྟོགས་སྐོམ་ཡང་སེལ་ཐུབ་པས། དཔེར་ན། འབྲི་ཏ་ས་འཛིན་དང་། ལི། ཁམ་བུ་སོགས་མངར་ཆ་འདུས་ཚད9%མན་གྱི་ཤིང་འབྲས་མང་ཙམ་ཟ་དགོས།
བཟའ་བཏུང་ལ་ཚོད་འཛིན་བྱེད་དགོས།
ཉིན་རེའི་བཟའ་བཏུང་ཆོས་ཉིད་ལྡན་པ། ཟས་ཐུན་གསུམ་དོ་སྙོམས་ཡོང་བ་བྱེད་དགོས།
གསུམ། གཟུགས་པོའི་ལྗིད་ཚད་ཆེ་རུ་གཏོང་ཐབས།
སྤུས་ལེགས་སྤྲི་དཀར་བསྡུ་ལེན་བྱེད་ཚད་མང་དུ་གཏོང་དགོས།
དཔེར་ན། ཉ་ཤ་དང་། བྱ་ཤ། སྒོ་ང་། འོ་མ་སོགས་སྤུས་ལེགས་སྤྲི་དཀར་འོས་འཚམ་སྒོས་མང་ཙམ་ཟོས་ན་ལུས་པོའི་ཤ་གནད་ཀྱི་སྤྲི་དཀར་འདྲེས་གྲུབ་བྱེད་པར་སྐུལ་འདེད་གཏོང་ཐུབ།
ཤུགས་སྐྱེད་ལུས་རྩལ་མང་ཙམ་རྩེ་དགོས།
དཔེར་ན། རྐང་ལག་བརྐྱང་བསྐུམ་དང་འགྱིག་ཐག་འཐེན་པ་སོགས་རྒྱུན་གཏན་གྱི་ལུས་རྩལ་དེ་དག་གིས་ཤ་གནད་ཀྱི་སྟོབས་ཤུགས་འཕེལ་ནས་ལུས་པོའི་ནུས་པ་ལེགས་བཅོས་བྱེད་ཐུབ།
གཉིད་ཡག་པོ་ལོག་དགོས།
གཉིད་འདང་ངེས་ལོག་ན་ལུས་པོའི་ནུས་པ་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་པར་རོགས་རམ་ཐུབ་ནས་ལུས་པོའི་ལྗིད་ཚད་འཕར་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཐུབ།
དྲན་སྐུལ་བྱེད་རྒྱུ་ཞིག་ལ། གལ་ཏེ་རང་ཉིད་ཀྱིས་རང་འགུལ་ངང་གཟུགས་པོའི་ལྗིད་ཚད་ཆུང་དུ་གཏོང་བའི་བྱེད་ཐབས་མ་སྤྱད་ཀྱང་། ཉིན་སུམ་ཅུའི་ནང་གཟུགས་པོའི་ལྗིད་ཚད5%ཡན་ཇེ་ཡང་དུ་ཕྱིན་པའམ་ཡང་ན་ཟླ་བ་དྲུག་གི་ནང་དུ་གཟུགས་པོའི་ལྗིད་ཚད10%ཡན་ཇེ་ཡང་དུ་ཕྱིན་ན། དེར་མཐོང་ཆེན་བྱས་ནས་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་ནད་གཞི་ཕོག་ཡོད་མིན་ཐད་དགོས་ངེས་ཀྱི་བརྟག་དཔྱད་ཡག་པོ་བྱེད་དགོས།
རྩོམ་སྒྲིག་པ། ལྷ་མོ་ཚེ་རིང་།