བུད་མེད་ལ་མངལ་ཆགས་པའི་རྟགས་དང་མངལ་ཆགས་རྗེས་སྦྲུམ་མའི་ལུས་ཕུང་ཐེངས་ག་ཚོད་ལ་བརྟག་དཔྱད་བྱས་ན་འོས་འཚམ་ཡིན།
2025.07.25 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 0

མངལ་ཆགས་ནས་བདུན་ཕྲག་བཞི་ཙམ་འགོར་ན།  སྦྲུམ་མ་མང་ཆེ་བར་ཁམས་ཀྱི་འགྱུར་བའི་དབང་གིས་ལུས་ཉོབ་ནས་བྱ་བ་ཅི་ཡང་ལས་མི་འདོད་པ་དང་ཟས་ལ་ཡི་ག་ཞན་པ།   ཞེན་ཁ་ལོག་པའམ་སྐྱུག་པ།  བཟའ་བཏུང་སྣུམ་གྱི་རིགས་ལ་སུན་སྣང་སྐྱེ་བ།   དོན་མེད་དུ་ཚིག་པ་ཟ་བ།   ནུ་མ་ཆེ་རུ་རྒྱས་ཤིང་ནུ་མགོ་སྨུག་ནག་ཏུ་འགྱུར་བ་སོགས་འབྱུང་ངེས།  དེ་དག་ནི་མངལ་ཆགས་པའི་རྟགས་ཡིན་པས་སྨན་སོགས་མ་བསྟེན་ཡང་ཟླ་བ་གསུམ་ཡས་མས་ནས་རང་ཤུགས་སུ་ཡལ་འགྲོ།

སྦྲུམ་མ་ཁ་ཤས་ལ་ཅི་ཟོས་ཐམས་ཅད་ཕྱིར་སྐྱུགས་ནས་ཁོག་ཏུ་ཆགས་མི་ཐུབ་ཅིང་།    མགོ་ཡུ་འཁོར་བ།   གདོང་དང་པགས་མདོག་སེར་པོར་འགྱུར་བ།  ལུས་ཤིན་ཏུ་ཉོབ་པ་སོགས་མངལ་ཆགས་པའི་རྟགས་ཚབས་ཆེན་འབྱུང་ངེས།  དེར་ཕྱེ་ཐུག་དང་འབྲས་ཐུག  རྩམ་ཁུ།   ལ་ཕུག་སོགས་སྔོ་ཚོད་ལས་བཟོས་པའི་ཁ་ཟས་ཡང་ལ་འཇུ་སླ་བའི་རིགས་ཉུང་ངུ་རེ་ཟོས་རྗེས་ཆུ་གྲང་མོས་གདོང་བཀྲུ་བའམ་གདོང་ལ་ཆུ་གྲང་མོ་གཏོར་ན་ཕན།  སྤྱིར་བཏང་ཞོགས་པར་ལྷག་ཏུ་སྐྱུག་སླ་བས་ནངས་ཇ་ཁ་ཟས་སྐམ་པོའི་རིགས་ཟོས་ན་བཟང་།

དེ་ནས་མངལ་ཆགས་རྗེས་སྦྲུམ་མའི་ལུས་ཕུང་ཐེངས་ག་ཚོད་ལ་བརྟག་དཔྱད་བྱས་ན་འོས་འཚམ་ཡིན་པའི་སྐོར་ནས།

སྤྱིར་བཏང་མངལ་ཆགས་པ་གཏན་ཁེལ་བྱས་རྗེས་སྦྲུམ་མའི་སྐྱེ་ལམ་དང་ཚང་སྒམ་གྱི་ཆེ་ཆུང་རྒྱུན་ལྡན་ཡིན་མིན་ལ་བརྟག་དཔྱད་བྱེད་དགོས་པར་མ་ཟད།   གློ་བ་དང་སྙིང་། ཁྲག་ཤེད་སོགས་བརྟག་དཔྱད་བྱེད་དགོས།   དེ་ནས་བདུན་ཕྲག་ཉི་ཤུ་བ་སྟེ་ཟླ་བ་ལྔ་ལོན་པ་ནས་ཟླ་རེར་བརྟག་དཔྱད་ཐེངས་རེ་བྱེད་རྒྱུ་དང་། རབ་ཡིན་ན་བདུན་ཕྲག་སུམ་ཅུ་སོ་དྲུག་པ་སྟེ་ཟླ་བ་དགུ་ལོན་པ་ནས་གཟའ་འཁོར་རེར་བརྟག་དཔྱད་ཐེངས་རེ་བྱེད་དགོས།    གལ་ཏེ་དེ་ལྟར་ བརྟག་དཔྱད་བྱེད་མ་ཐུབ་ན།   མ་མཐའ་ཡང་བདུན་ཕྲག་བཅོ་བརྒྱད་ནས་ཉི་ཤུའི་བར་ཏེ་མངལ་ཆགས་ནས་ཟླ་ལྔ་འགོར་བའི་སྐབས་དང་།   བདུན་ཕྲག་ཉེར་བརྒྱད་ནས་སུམ་ཅུའི་བར་ཏེ་མངལ་ཆགས་ནས་ཟླ་བདུན་འགོར་བའི་སྐབས།    བདུན་ཕྲག་སོ་བདུན་ནས་བཞི་བཅུའི་བར་ཏེ་མངལ་ཆགས་ནས་ཟླ་དགུ་བའི་སྐབས་བཅས་ཐེངས་གསུམ་ལBརིགས་ཚད་བརྒལ་སྒྲ་རླབས་སོགས་བརྟག་དཔྱད་ཞིབ་མོ་བྱེད་དགོས།  དེ་མིན་རྒྱུད་འདེད་པའི་ནད་ཡོད་པ་དང་། སྔར་བྱིས་པ་མངལ་ནས་ཤི་མྱོང་བའམ་བྱིས་པ་སྐྱོན་ཅན་བཙས་མྱོང་མཁན་ཡིན་ན་བརྟག་དཔྱད་བྱེད་པའི་ཐེངས་གྲངས་ཇེ་མང་དུ་གཏང་དགོས།

གོང་གི་ཤེས་བྱ་འདི《བུད་མེད་བདེ་ཐང་སྐོར་གྱི་དྲིས་ལན་གནད་བརྒྱ་མ》ལས་བདམས་པ་ཡིན།